མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུ་དང་། ཧ་སག་སི་ཐན། ཧིན་རྡུ་ཉི་ཞི་ཡ་བཅས་ཀྱི་ཙུང་ཐུང་དང་
མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་16ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་ཚེས་14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི"རྒྱུད་གཅིག་ལམ་གཅིག"གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ནང་ཞུགས་མཁན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་། ཧ་སག་སི་ཐན་གྱི་ཙུང་ཐུང་ནཱ་ཀྲར་པ་ཡེ་ཕུའུ། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙའོ་ཁོ་བཅས་སོ་སོ་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཡག་པོ་དང་། གྲོགས་པོ་ཡག་པོ། རོགས་ཟླ་ཡག་པོ་བཅས་ཡིན། འདི་ལོ་ཚུན་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱུང་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གསར་པ་ཁག་གཅིག་ཐོབ་ཡོད། འདི་ལོ་ནི་ཀྲུང་ཨུའི་མཛའ་གྲོགས་དང་ཞི་བདེ་འཕེལ་རྒྱས་ཨུ་ལྷན་བཙུགས་ནས་ལོ་20འཁོར་བ་དང་ཨུ་ཀྲུང་མཛའ་གྲོགས་མཐུན་ཚོགས་བཙུགས་ནས་ལོ་60འཁོར་བའི་ལོ་རེད།
         ཕྱོགས་གཉིས་པོས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོའི་འཆར་གཞི་བཟོས་པ་དང་འབྲེལ་དོན་འཁྱོལ་ཧུར་ཐག་བྱས་པར་བརྟེན་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་ཕྱིན་པ་མ་ཟད། ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་སྤྱི་ཚོགས་དང་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་ཕྱིན་ཡོད། རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་ཆེན་པོའི་ནུས་པ་འདོན་སྤེལ་བྱས་ཏེ་གླེང་མང་བའི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པའི་བརྒྱུད་རིམ་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་བ་དང་ས་ཁུལ་དང་དེ་བཞིན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་དང་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ནི་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་ཀྱི་གདམ་ག་རེད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་ང་ཚོ་ཚང་མས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཡག་པོ་གཏོང་བ་དང་སྲུང་སྐྱོང་ཡག་པོ་བྱེད་དགོས། ཕྱོགས་གཉིས་པོས་དཔལ་འབྱོར་ཚོང་དོན་དང་ནུས་རྒྱུ་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་གཙོ་གནད་རྣམ་གྲངས་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་ཆབས་ཅིག་ཚན་རྩལ་དང་གསར་གཏོད་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་གསར་འབྱེད་བྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་གྲུབ་འབྲས་དེ་བས་མང་བ་ཐོབ་པ་བྱེད་དགོས། ང་ཚོས་འཐབ་ཇུས་རོགས་ལས་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་དཔལ་འབྱོར་རྒྱུན་མཐུད་དང་བརྟན་པོའི་ངང་འཕར་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཞི་བའི་ཐོག་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་འཛམ་གླིང་ཞི་བདེ་བརྟན་ལྷིང་ཡོང་ཆེད་དེ་བས་མང་བའི་དྲང་ནུས་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།
         ཕུའུ་ཅིང་གིས་དང་ཐོག"རྒྱུད་གཅིག་ལམ་གཅིག"གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་གྲུབ་འབྲས་ཐོབ་པའི་སྒོ་ནས་འགོ་ཚུགས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། མིག་སྔའི་རྒྱལ་སྤྱིའི་དུས་བབ་འོག་ཀྲུང་གོ་ཕྱོགས་ཀྱིས"རྒྱུད་གཅིག་ལམ་གཅིག"གི་གྲོས་འགོ་བཏོན་པ་དང་འབྲེལ་ད་ཐེངས་ཀྱི་གླེང་སྟེགས་འཚོགས་པ་དེ་ནི་ཧ་ཅང་ཁ་ཚ་དགོས་གཏུགས་ཤིག་ཡིན་པ་དང་དེས་རྒྱལ་ཁབ་ཁག་གི་དཔལ་འབྱོར་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་རྒྱུ་རེད་ཅེས་བསྔགས་བརྗོད་གནང་བ་རེད། ཕུའུ་ཅིང་གིས་ཨུ་ཀྲུང་དབར་གྱི་འབྲེལ་བ་ཆུ་ཚད་མཐོ་པོའི་ཐོག་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་བྱེད་མང་བ་དང་སྲིད་གཞུང་སྡེ་ཚན་དང་དེ་བཞིན་ཁྲིམས་འཛུགས་སྒྲིག་གཞིའི་དབར་སྤེལ་རེས་ཟབ་ཏུ་ཕྱིན་པ་མ་ཟད། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མགྱོགས་མྱུར་འཕར་བའི་ཐོག་གྲུབ་ཆ་ཡང་ལེགས་སུ་ཕྱིན་ཡོད་ཅེས་གསུངས་པ་རེད།
         ཧ་སག་སི་ཐན་གྱི་ཙུང་ཐུང་ནཱ་ཀྲར་པ་ཡེ་ཕུའུ་དང་མཇལ་འཛོམས་གནང་སྐབས་ཞི་ཅིན་ཕིང་གིས་ཀྲུང་ཧ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་25འཁོར་བ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཡོད། ཕྱོགས་གཉིས་པོའི་མཐོ་རིམ་དབར་འགྲོ་འོང་བྱེད་ཟབ་པ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ཏེ་དངོས་སྒྲུབ་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་ཐེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་25འཁོར་བ་དེ་གོ་སྐབས་སུ་བྱས་ཏེ་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་འབྲེལ་བའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ལག་གདང་སྦྲེལ་ནས་ཀྲུང་ཧའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་དེ་བས་མཐོ་བ་དང་། རིམ་པ་དེ་བས་ཟབ་པ། བར་མཐོངས་དེ་བས་ཡངས་པ་བཅས་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ"ངན་ཤུགས་གསུམ"ལ་རྡུང་རྡེག་ནན་པོ་གཏོང་དགོས། ཧ་སག་སི་ཐན་གྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལས་དོན་ནང་བཏོན་པའི་ནུས་པ་གལ་ཆེན་ལ་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་འབྲེལ་ཧ་སག་སི་ཐན་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། ཨེ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་ཚོགས་འདུ་བཅས་ཀྱི་སྒྲོམ་གཞིའི་ནང་མཉམ་ལས་བྱེད་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ནཱ་ཀྲར་པ་ཡེ་ཕུའུ་ཡིས"རྒྱུད་གཅིག་ལམ་གཅིག"གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་གྲུབ་འབྲས་ཐོབ་པའི་སྒོ་ནས་འགོ་ཚུགས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་བཞེད་དོན་གཏམ་བཤད་ཀྱིས་དེང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཕྲད་པའི་གནད་དོན་གལ་ཆེན་མང་པོར་ལན་ཡག་པོ་བསྐྱོན་ཡོད། ཧ་སག་སི་ཐན་གྱིས་བློ་བརྟན་འགྱུར་མེད་ངང"རྒྱུད་གཅིག་ལམ་གཅིག"གི་གྲོས་འགོར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། "རྒྱུད་གཅིག་ལམ་གཅིག"དང"འོད་ཟེར་ལམ་བུའི"འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ཡག་པོ་བྱ་རྒྱུ་དང་སྒྲོམ་གཞི་དེའི་ནང་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་དང་། ཞིང་ལས། གཏེར་ལས། ལྕགས་ལམ། ཚན་རྩལ་སོགས་ཀྱི་ཁྱབ་ཁོངས་ཀྱི་དངོས་ཕན་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         དེ་ཉིན་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོ་དང་མཇལ་འཛོམས་གནང་སྐབས་ཞི་ཅིན་ཕིང་གིས་2013ལོའི་ཟླ་བ་བཅུ་པར་ངས་ཧིན་རྡུ་ཉི་ཞི་ཡ་རུ་ཐེངས་དང་པོར་མཉམ་དུ་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ལམ་བུ་གཏོད་རྒྱུའི་གྲོས་འགོ་བཏོན་པ་ཡིན། སྐུ་ཞབས་ཙུང་ཐུང་གིས་སྲིད་སྐྱོང་གནང་རྗེས་ཧིན་རྡུ་ཉི་ཞི་ཡ་འདི་ཉིད"གོ་ལ་ཧྲིལ་པོའི་རྒྱ་མཚོའི་རྟེན་སར"བསྐྲུན་རྒྱུ་ཡིན་ལུགས་བཏོན་ཡོད། ད་ཕན་ལོ་ཤས་རིང་རྒྱལ་ཁབ་གཉིས་ཀྱིས་གོང་གསལ་གྱི་གྲོས་འགོ་དང་བསམ་བཀོད་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་ཕྱོགས་ཡོངས་ནས་མཉམ་ལས་ཟབ་ཏུ་བཏང་བར་བརྟེན་གཡུར་ཟའི་གྲུབ་འབྲས་ཐོབ་ནས་ཕྱོགས་གཉིས་པོའི་འབྲེལ་བར་དེ་བས་ཕུན་སུམ་ཚོགས་པའི་ནང་དོན་བསྣན་པ་མ་ཟད། དེ་བས་ཡངས་པའི་མཉམ་ལས་ཀྱི་བར་མཐོངས་བཏོད་ཡོད་ཅེས་གསུངས་པ་རེད།
         ཙུའོ་ཁོ་ཡིས་ཧིན་རྡུ་ཉི་ཞི་ཡས"རྒྱུད་གཅིག་ལམ་གཅིག"གི་གྲོས་འགོ་དང་ཀྲུང་གོ་ཕྱོགས་ཀྱིས་གཉེར་བའི་ད་ཐེངས་ཀྱི་གླེང་སྟེགས་ལ་ཚད་མཐོའི་གདེང་འཇོག་བྱ་རྒྱུ་ཡིན་ལ"རྒྱུད་གཅིག་ལམ་གཅིག"བསྐྲུན་པ་དེས་ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་དཔལ་འབྱོར་མཉམ་ལས་ལ་གོ་སྐབས་དེ་བས་མང་བ་ཐོབ་རྒྱུའི་ཡིད་ཆེས་ཡོད། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་ཕྱོགས་དང་མཉམ་དུ"རྒྱུད་གཅིག་ལམ་གཅིག"བསྐྲུན་རྒྱུའི་སྒྲོམ་གཞིའི་འོག་མཉམ་ལས་ཟབ་ཏུ་བཏང་སྟེ་དཔལ་འབྱོར་ཚོང་དོན་གྱི་མ་འཇོག་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།