མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས"རྒྱུད་གཅིག་ལམ་གཅིག"གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་
ལ་ཞུགས་མཁན་ཕྱི་རྒྱལ་གྱི་འཐུས་མི་ཚོགས་པའི་ཚོགས་གཙོ་དང་སྐུ་མགྲོན་རྣམ་པར་
ཕེབས་བསུ་ཞུ་བའི་གསོལ་སྟོན་བཤམས་པ་དང་འབྲེལ་རིག་རྩལ་འཁྲབ་
སྟོན་ཡང་བཀོད་སྒྲིག་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་16ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས'རྒྱུད་གཅིག་ལམ་གཅིག'གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་
ལ་ཞུགས་མཁན་ཕྱི་རྒྱལ་གྱི་འཐུས་མི་ཚོགས་པའི་ཚོགས་གཙོ་དང་སྐུ་མགྲོན་རྣམ་པར་
ཕེབས་བསུ་ཞུ་བའི་གསོལ་སྟོན་བཤམས་པ་དང་འབྲེལ་རིག་རྩལ་འཁྲབ་
སྟོན་ཡང་བཀོད་སྒྲིག་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་14ཉིན་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསོལ་སྟོན་བཤམས་པ་དང་ཆབས་ཅིག་རྒྱལ་ཁབ་ཟློས་གར་ཁང་ཆེ་མོར་རིག་རྩལ་འཁྲབ་སྟོན་བཀོད་སྒྲིག་གནང་ནས"རྒྱུད་གཅིག་ལམ་གཅིག"གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཞུགས་མཁན་ཕྱི་རྒྱལ་གྱི་འཐུས་མི་ཚོགས་པའི་ཚོགས་གཙོ་དང་དེ་བཞིན་སྐུ་མགྲོན་རྣམ་པར་ཕེབས་བསུ་ཞུས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཕེབས་ཡོད་པ་རེད།
         དགོང་མོའི་ཆུ་ཚོད་དྲུག་པའི་ཐོག་མཐོ་རིམ་གླེང་སྟེགས་ཀྱི་འགོ་ཁྲིད་མི་སྣའི་གྲལ་སྒོར་ཚོགས་འདུ་དང་རིམ་པ་མཐོ་བའི་ཚོགས་འདུར་ཞུགས་མཁན་སྐུ་མགྲོན་རྒྱལ་ཁབ་ཀྱི་གནད་ཡོད་མི་སྣ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་དང་དེ་བཞིན་དེ་དག་གི་སྐུ་ཟླ་སྔ་རྗེས་སུ་མི་དམངས་ཚོགས་ཁང་ཆེ་མོར་ཕེབས་འབྱོར་ཟིན་པ་རེད།
         ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཚོགས་ཁང་ཆེ་མོའི་ཉིས་ཐོག་གི་མགྲོན་བསུ་ཁང་དུ་སྐུ་མགྲོན་ཕེབས་སྒུག་ཞུས་ནས་སྐུ་མགྲོན་རེ་རེ་བཞིན་དང་ཕྱག་བཏང་སྟེ་ཕན་ཚུན་འཚམས་འདྲི་ཞུས་པ་རེད། ལྡེབས་རིས་ཆེ་གྲས་《རི་ཀླུང་འདི་འདྲའི་མཛེས་སྡུག་ཆེ་བ་ལ་》ཞེས་པའི་མདུན་དུ་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཕྱི་རྒྱལ་གྱི་འཐུས་མི་ཚོགས་པའི་ཚོགས་གཙོ་དང་དེ་བཞིན་ཁོང་རྣམ་པའི་སྐུ་ཟླ་དང་བཅས་པ་ལྷན་བཞུགས་དྲན་རྟེན་སྐུ་པར་སྒྲོན་པ་རེད།
         མི་དམངས་ཚོགས་ཁང་ཆེ་མོའི་གསོལ་སྟོན་ཁང་དུ་རོལ་དབྱངས་ཀྱི་སྒྲ་གྲགས་པ་དང་མེ་ཏོག་གིས་རྣམ་པར་བརྒྱན་ཡོད། འགྱུར་ཁུག་སྙན་པའི་མགྲོན་བསུའི་རོལ་དབྱངས་ཁྲོད་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་སྐུ་མགྲོན་རྣམ་པ་ཚོ་དང་ལྷན་དུ་གསོལ་སྟོན་ཁང་དུ་ཕེབས་པ་རེད།
         ཞི་ཅིན་ཕིང་གིས་ཤིས་ཚིག་གསུང་སྐབས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་སྐུ་མགྲོན་ཁག་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་རེད། ཞི་ཅིན་ཕིང་གིས་པེ་ཅིང་ནི་ལོ་ངོ་སྟོང་གི་གནའ་གྲོང་ཞིག་ཡིན་པས་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོའི་དཔང་པོ་བྱེད་ཀྱི་ཡོད། པེ་ཅིང་ནི་དེང་རབས་ཀྱི་གྲོང་གསར་ཞིག་ཀྱང་ཡིན་པ་དེ་ཀྲུང་གོར་འཕེལ་རྒྱས་ཟམ་མི་ཆད་པར་བྱུང་བ་དང་བསྟུན་ནས་ཉམས་འགྱུར་གསར་པའང་མངོན་གྱི་ཡོད། པེ་ཅིང་ནི་དེ་བས་རྒྱལ་སྤྱི་ཅན་དུ་འགྱུར་བའི་གྲོང་ཁྱེར་ཆེན་པོ་ཞིག་ཡིན་པས་ཤར་ནུབ་དབར་གྱི་ཤེས་དཔལ་མི་འདྲ་བ་དུས་དང་རྣམ་པ་ཀུན་ཏུ་དེ་གར་དར་བ་དང་མཉམ་འདྲེས་ཡོང་གི་ཡོད། པེ་ཅིང་འདི་ཉིད་ལོ་རྒྱུས་ཐོག་གི་གྲོང་ཁྱེར་ཆུང་ངུ་ཞིག་ནས་ད་ཆའི་རྒྱལ་སྤྱི་ཅན་གྱི་གྲོང་ཁྱེར་ཆེན་པོ་ཞིག་ཏུ་གྱུར་པ་བཅས་ལས་ང་ཚོར་གནས་ལུགས་ཤིག་བསྟན་ཡོད་པ་ནི། འགྲོ་བ་མིའི་རིགས་ཐུན་མོང་གི་ཁྱིམ་གཞིས་ནང་འཚོ་བ་སྐྱེལ་ནས་ཐུན་མོང་གི་ལས་དབང་ཡོད་པ་མ་ཟད། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་དེ་ཐོག་མཐའ་བར་གསུམ་དུ་མི་རིགས་མི་འདྲ་བ་དང་རིག་གནས་མི་འདྲ་བར་འབྲེལ་འདྲིས་དང་རྒྱུས་མངའ་ཡོང་བ་བྱེད་རིང་མདུན་ཕྱོགས་སུ་གོང་འཕེལ་འགྲོ་གི་ཡོད་ཅེས་གསུངས་པ་རེད། 
          ཞི་ཅིན་ཕིང་གིས་ལོ་ངོ་2000ལྷག་ཙམ་གྱི་གོང་དུ་ང་ཚོའི་མེས་པོ་ཚོས་མཛའ་མཐུན་སྤེལ་རེས་ཀྱི་བབ་ཆགས་པའི་འདོད་འདུན་བཅངས་ནས་གནའ་བོའི་དར་གོས་ལམ་བུ་བཏོད་ཡོད། ད་ཆ་ང་ཚོས་གནའ་བོའི་དར་གོས་ལམ་བུའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས"རྒྱུད་གཅིག་ལམ་གཅིག"བསྐྲུན་རྒྱུར་ཐུན་མོང་ཐོག་གྲོས་བསྡུར་བྱ་རྒྱུ་ནི་ལོ་རྒྱུས་ཀྱི་རླབས་རྒྱུན་རྒྱུན་མཐུད་པ་ཞིག་ཡིན་ལ་འབྱུང་འགྱུར་ལ་ཁ་ཕྱོགས་པའི་གདམ་ག་ཡང་དག་ཅིག་ཀྱང་རེད། "རྒྱུད་གཅིག་ལམ་གཅིག"བསྐྲུན་རྒྱུ་དེས་ང་ཚོའི་སྐོམ་པ་ཆུ་འདོད་ལྟར་གྱི་ཤེས་དཔལ་སྤེལ་རེས་ཀྱི་འདུན་པ་མཚོན་གྱི་ཡོད་པས་འགྲོ་བ་མིའི་རིགས་ཀྱི་ཤེས་དཔལ་སྔར་བས་རྣམ་པར་བཀྲ་བ་ཡོང་ཆེད་ཡིན་པ་དང་། ང་ཚོས་ཞི་བདེ་དང་ལྷིང་འཇགས་ཀྱི་འཚོ་བར་རེ་སྒུག་བྱེད་པ་མཚོན་གྱི་ཡོད་པས་རྒྱལ་ཁབ་ཁག་གིས་ཐུན་མོང་གི་ཞི་མཐུན་ཁྱིམ་གཞིས་བསྐྲུན་པ་དང་ཞི་བདེ་ལྡན་པའི་འཛམ་གླིང་བསྐྲུན་ཆེད་ཡིན་པ། ང་ཚོས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་པའི་འདུན་པ་མཚོན་གྱི་ཡོད་པས་རྒྱལ་ཁབ་ཁག་ལ་དཀའ་སྡུག་མཉམ་མྱོང་དང་ལས་དབང་གཅིག་མཐུན་གྱི་འཕེལ་རྒྱས་ཀྱི་ཐུན་མོང་རྩ་འཛུགས་བསྐྲུན་རོགས་བྱ་ཆེད་ཡིན་པ། ང་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་བློ་ཁ་ཕྱོགས་པ་མཚོན་གྱི་ཡོད་པས་ཕུགས་བསམ་དོན་དངོས་སུ་འགྱུར་བ་དང་མི་དམངས་བདེ་སྐྱིད་ཁམས་བདེ་ཡོང་ཆེད་ཡིན་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ང་ཚོ་རེ་བས་ཁེངས་པའི་ལམ་བུ་ཞིག་གི་ཐོག་ཏུ་སྐྱོད་བཞིན་ཡོད། ང་ཚོས་ཁ་གཏད་མདུན་སྐྱོད་བྱས་ནས་བློ་སེམས་གཅིག་སྒྲིལ་དང་། ཕྱིར་བཤོལ་མི་བྱེད་པ། གོམ་པ་སྤོ་མཚམས་མི་འཇོག་པ་བཅས་བྱས་ཚེ་ང་ཚོར་མཐར་ལམ་ཐམས་ཅད་འབྲེལ་བ་དང་མི་ཚང་མ་འཆམ་མཐུན་གྱི་ཉིན་མོ་ཤར་ཏེ་ང་ཚོའི་བྱ་གཞག་འདི་ཉིད་གནའ་བོའི་དར་གོས་ལམ་བུ་ཇི་བཞིན་རྒྱུན་མི་ཆད་པར་མི་རབས་ནས་མི་རབས་བར་ཡུན་གནས་དང་ཕན་པ་ཐོབ་ངེས་ཡིན་པའི་ནན་བཤད་གནང་བ་རེད།
         གསོལ་སྟོན་བཤམས་རྗེས་ཞི་ཅིན་ཕིང་དང་སྐུ་ཟླ་ཕིང་ལི་ཡོན་རྣམ་གཉིས་ཀྱིས་སྐུ་མགྲོན་རྣམ་པ་ཚོ་དང་ལྷན་དུ་རྒྱལ་ཁབ་ཟློས་གར་ཁང་ཆེ་མོར་བརྗོད་གཞི་《ལོ་ངོ་སྟོང་གི་ཁ་ཆད་》ཅེས་པའི་རིག་རྩལ་འཁྲབ་སྟོན་ལ་གཟིགས་པར་ཕེབས་པ་རེད།
         འཁྲུག་ཆ་དོད་པའི་གླུ་གར་ཁྲོད་འཁྲབ་སྟོན་འགོ་ཚུགས་ཤིང་། མཛེས་ཤིང་ལྟ་ན་སྡུག་པའི་ཏུན་ཧོང་གི་ལྡེབས་རིས་དང་། མཁའ་དབྱིངས་སུ་འཕུར་སྐྱོད་བྱེད་པའི་ལྷ་མོ། དར་རྒྱས་ཆེ་བའི་ཐང་རྒྱལ་རབས་ཀྱི་རོལ་མོ་སོགས་ལས་གནའ་གྲོང་གིས་སྤྲོ་སེམས་འཁོལ་བའི་ངང་ཕྱོགས་ཁག་གི་སྐུ་མགྲོན་ལ་བསུ་བ་ཞུ་བའི་རྣམ་པ་བཟང་པོ་མངོན་ཡོད། གླུ་གཞས་མཁས་ཅན་གཉིས་ཀྱིས་《ང་ཀྲུང་གོར་དགའ་》དང་དབྱི་ཐ་ལིའི་དམངས་གཞས་《ངའི་ཉི་མ་》ཞེས་པ་བརྩེ་བ་ཟབ་ཅིང་སྙན་འཇེབས་ལྡན་པའི་སྒོ་ནས་བཏང་བ་རེད། དམངས་ཁྲོད་ཀྱི་རོལ་མོ་ཚོགས་པས་རོལ་མོ་དཀྲོལ་བ་ལས་མཚོ་ཐོག་གི་དར་གོས་ལམ་བུའི་ཕུགས་འདུན་འགྲུབ་རྒྱུ་མངོན་པ་དང་། ཞབས་བྲོ"རྨ་བྱའི་གར་སྟབས"ལས་ཇ་རྟའི་གནའ་ལམ་ཐོག་གི་རྨ་བྱའི་ཚོགས་ཀྱིས་ཞབས་བྲོ་འཁྲབ་པ་མངོན་པ། ཀང་ཆིན་རོལ་ཆ"པེ་ཅིང་གི་དུས་བཞི"རྐྱང་དཀྲོལ་བྱས་པ་ལས་ཉན་སྤྲོ་བའི་ཀང་ཆིན་རོལ་མོ་དང་འཆར་ཡོལ་ངོས་ཀྱི་པེ་ཅིང་གི་བརྙན་པར་གཅིག་ཏུ་འདྲེས་ཡོད། པ་ལིའི་ཞབས་བྲོ"སྣག་ཚོན་དར་ལམ"ལས་ཐག་རིང་གི་སྐུ་མགྲོན་ལ་ཆར་ཟིམ་བབས་རྗེས་ཀྱི་འབྲི་ཆུའི་ལྷོ་རྒྱུད་དུ་རྒྱན་གོས་སྔོན་པོ་སྤྲས་པའི་གཞོན་ནུ་མ་ཁྱུ་གཅིག་འཕྲད་པའི་གཏམ་རྒྱུད་བརྗོད་ཡོད། "དཔའ་བོ་མང་པོ་མཉམ་འཛོམས"ལས་ཀྲུང་གོའི་ཟློས་གར་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པ། ཀྲུང་གོ་དང་ཕྱི་རྒྱལ་གྱི་བྱིས་པ་དང་གླུ་གཞས་མཁས་པས"ཐུན་མོང་གི་ཁྱིམ་གཞིས·ཞི་བདེར་བསྟོད་གླུ་ལེན"ཞེས་པ་མཉམ་གཏོང་བཅས་བྱས་པ་རེད། འཁྲབ་སྟོན་དེ་གླུ་གཞས་《གླུ་སྒྲ་དང་འཛུམ་མདངས་》ཞེས་པའི་སྙན་འཇེབས་ལྡན་པའི་འགྱུར་ཁུག་ཁྲོད་མཇུག་འགྲིལ་བ་རེད། གོང་གི་པར་རིས་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཕྱི་རྒྱལ་གྱི་འཐུས་མི་ཚོགས་པའི་ཚོགས་གཙོ་དང་དེ་བཞིན་ཁོང་རྣམ་པའི་སྐུ་ཟླ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་སྒྲོན་པའི་གནས་ཚུལ་ཡིན་པ་རེད།