མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཁེན་ནི་ཡ་དང་ཧྥི་ལི་ཕིན་གྱི་ཙུང་ཐུང་སོ་སོ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་17ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཚེས་15ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར"རྒྱུད་གཅིག་ལམ་གཅིག"གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཕེབས་པའི་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེར་ཐེ་དང་ཁེན་ནི་ཡའི་ཙུང་ཐུང་ཁེན་ཡཱ་ཐ་སོ་སོ་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་ཁེན་ནི་ཡའི་ཙུང་ཐུང་ཁེན་ཡཱ་ཐ་དང་མཇལ་འཛོམས་གནང་སྐབས། "རྒྱུད་གཅིག་ལམ་གཅིག"གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཕུན་སུམ་ཚོགས་པོའི་ངང་གྲོལ་བ་དང་དེར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཁེན་ནི་ཡ་ཕྱོགས་ཀྱིས་དེའི་ཐད་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་ཡིན། ཉེ་བའི་ལོ་ཤས་རིང་། ཀྲུང་ཁེན་གྱི་ཕྱོགས་ཡོངས་མཉམ་ལས་རོགས་ཟླའི་འབྲེལ་བ་གང་མགྱོགས་འཕེལ་རྒྱས་ཕྱིན་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད།
         ཁེན་ནི་ཡ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཐོན་ནུས་མཉམ་ལས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་ཚོད་ལྟའི་རྒྱལ་ཁབ་ཀྱི་གྲས་ཤིག་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཁྲོད་ཁེན་ནི་ཡས་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཡོད། རང་ཉིད་ཀྱིས་ཀྲུང་ཁེན་གྱི་འབྲེལ་བའི་གནས་བབ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་མཐོར་གཏོང་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁེན་ནི་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
          ཁེན་ཡཱ་ཐ་ཡིས"རྒྱུད་གཅིག་ལམ་གཅིག"གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་གྲུབ་འབྲས་ཐོབ་པའི་སྒོ་ནས་གྲོལ་བར་རྟེན་འབྲེལ་ཞུ་རྒྱུ་ཡིན། ད་རེས་ཀྱི་དབུ་ཚོགས་དེས་འཛམ་གླིང་ལ་ཕུགས་བསམ་ལྡན་པའི"རྒྱུད་གཅིག་ལམ་གཅིག"གི་གྲོས་འགོར་ཐོབ་པའི་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་འགྲེམས་སྟོན་བྱས་ནས་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ལ་གཉིས་ཁེ་གཉིས་ཕན་འདོགས་པའི་རྨང་གཞིའི་ཁར་མཉམ་ལས་གཏིང་ཟབ་བྱ་རྒྱུར་ལོ་རྒྱུས་རང་བཞིན་གྱི་ལས་སྟེགས་ཤིག་མཁོ་འདོན་བྱས་ཡོད་ཅེས་གསུངས།
         ཉིན་དེར་ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེར་ཐེ་དང་མཇལ་འཛོམས་གནང་སྐབས། ཧྥི་ལི་ཕིན་ནི་ཀྲུང་གོའི་མཛའ་གྲོགས་ཁྱིམ་མཚེས་ཤིག་རེད་ལ་ཐུན་མོང་ཐོག"རྒྱུད་གཅིག་ལམ་གཅིག"སྐྲུན་པའི་རོགས་ཟླ་གལ་ཆེན་ཞིག་ཀྱང་རེད། ཁྱིམ་མཚེས་མཛའ་མཐུན་གྱི་མཉམ་ལས་མཐའ་འཁྱོངས་བྱེད་པ་དང་མཉམ་ལས་ལ་གཉིས་ཕན་ཐོབ་པར་བྱ་རྒྱུ་ནི་ཀྲུང་ཧྥིའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཡང་དག་པའི་ལམ་བུ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་ཕྱོགས་དང་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་བགྲོད་ལམ་ཐོག་གྲུབ་འབྲས་དེ་བས་མང་བ་ཐོབ་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྔར་བས་གཏོད་འདོད་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
        ཞི་ཕིན་ཕིང་གིས་རྒྱལ་ཁབ་གཉིས་པོའི་མཐོ་རིམ་གྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཡང་དག་པའི་ཁ་ཕྱོགས་བརྒྱུད་སྐྱོན་བྲལ་དང་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྣེ་འཁྲིད་བྱེད་དགོས། ཕྱོགས་གཉིས་པོས་དངོས་སྒྲུབ་མཉམ་ལས་གཏིང་ཟབ་བྱེད་པར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། མཚོ་ཐོག་གི་རྒྱལ་སྒྲོལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ། འཚོལ་སྐྱོབ་དང་། དབུལ་སྐྱོར། དམངས་གཙོ། དུག་འགོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བཅས་ཀྱི་ཐོག་ནས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་གང་མགྱོགས་དོན་འཁྱོལ་ཐུབ་པའམ་ཡང་ན་དེར་དུས་མཚམས་རང་བཞིན་གྱི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ཏུའུ་ཐེར་ཐེ་ཡིས"རྒྱུད་གཅིག་ལམ་གཅིག"གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་གྲུབ་འབྲས་ཐོབ་པའི་སྒོ་ནས་འཚོགས་པར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས"རྒྱུད་གཅིག་ལམ་གཅིག"གི་གྲོས་འགོ་དེས་ཨེ་ཤེ་ཡའི་འབྲེལ་མཐུད་དང་དཔལ་འབྱོར་འཕར་རྒྱུར་སྐུལ་མ་ནུས་ལྡན་ཐེབས་རྒྱུ་རེད་ལ། ཧྥི་ལི་ཕིན་ལ་ལས་ཞུགས་དང་དར་རྒྱས་ཀྱི་གོ་སྐབས་ཀྱང་རག་རྒྱུ་རེད། མིག་སྔར་ཧྥི་ཀྲུང་གི་མཛའ་གྲོགས་ཐད་ཉིན་རེ་ལས་ཉིན་རེ་མ་འདས་པར་ཤུགས་སྣོན་ཐེབས་པ་དང་། ཕན་ཚུན་དབར་ཚོང་དོན་གྱི་རོགས་ཟླ་གལ་ཆེན་ཞིག་ཏུ་གྱུར་པ་དང་། ཁྱབ་ཁོངས་ཁག་གི་སྐད་ཆ་ཤོད་རེས་དང་གྲོས་མོལ་སླར་གསོ་བྱུང་ཡོད་ཅེས་གསུངས་པ་རེད།