མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཨ་ཐན་པཱ་ཡེ་ཧྥུའུ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་18ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཨ་ཐན་པཱ་ཡེ་ཧྥུའུ་དང་མཇལ་འཛོམས་གནང་བ།

           མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་16ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཕེབས་པའི་ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཨ་ཐན་པཱ་ཡེ་ཧྥུའུ་དང་མཇལ་འཛོམས་གནང་བ་རེད།
           ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཁེར་རྒྱལ་ཁབ་གཉིས་ཕྱི་འབྲེལ་བཙུགས་ནས་ལོ་25འདས་ཤིང་། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་མཉམ་ལས་གཉིས་ཁེའི་རྩ་དོན་རྒྱུན་འཁྱོངས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བར་སྐུལ་འདེད་ཧུར་ཐག་བཏང་བས། ཆབ་སྲིད་ཐད་ཚད་མཐོའི་ཡིད་ཆེས་དང་། དཔལ་འབྱོར་ཐད་མཉམ་ལས་དམ་ཟབ། བདེ་འཇགས་ཐད་ཕན་ཚུན་བརྟེན་རེས། རིག་གནས་ཐད་ཕན་ཚུན་སྤེལ་རེས་དང་དཔྱད་གཞི། རྒྱལ་སྤྱིའི་ལས་དོན་ནང་རྒྱབ་སྐྱོར་བྱེད་རེས་བཅས་ཕྱོགས་ཡོངས་ཀྱི་མཉམ་ལས་རྣམ་པ་གྲུབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་ཕྱོགས་དང་མཉམ་དུ་ཁྱིམ་མཚེས་མཛའ་མཐུན་སྙིང་སྟོབས་དར་སྤེལ་དང་། འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན། གཉིས་ཕན་མཉམ་ལས་ཟབ་གཏོང་བཅས་བྱས་ཏེ་ཀྲུང་ཁེར་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
          ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་གྱི་རང་དབང་དང་། བདག་དབང་། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་ཁེར་གྷི་སི་ཐན་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་ནས་འཕེལ་རྒྱས་འགྲོ་ལམ་འདེམས་པ་དང་ལག་ལེན་བསྟར་བཞིན་པའི་ཕྱི་ནང་སྲིད་ཇུས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་ཁེར་རྒྱལ་ཁབ་གཉིས་ནི་ཁུལ་འདིའི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་གཙོ་བོ་ཡིན་པས། ཕྱོགས་གཉིས་པོས་འཇིགས་རྒོལ་དང་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་དང་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། ཀྲུང་ཁེར་རྒྱལ་ཁབ་གཉིས་པོས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་དམིགས་ནས་མཉམ་ལས་ལོ་3ལྷག་བྱས་པའི་རིང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཕྱོགས་གཉིས་པོས་གཙོ་གནད་མཉམ་ལས་རྣམ་གྲངས་ལག་ལེན་ཡག་པོ་བསྟར་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་གྲུབ་འབྲས་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་མང་བ་ཐོབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          ཨ་ཐན་པཱ་ཡེ་ཧྥུའུ་ཡིས། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་གཉེར་རྒྱུ་ཐུགས་གྲ་ལེགས་འགྲིག་བྱུང་བར་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། རླབས་ཆེན་གྱི“རྒྱུད་གཅིག་ལམ་གཅིག”གྲོས་འགོ་ལས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་ཕན་པ་ཡོད་ལ། ཕྱོགས་ཁག་དབར་ཕན་ཚུན་བསམ་ཤེས་དང་ཡིད་ཆེས་ཟབ་ཏུ་གཏོང་ཐུབ། ཀྲུང་གོ་ནི་ཁེར་གྷི་སི་ཐན་གྱི་ཁྱིམ་མཚེས་ཡག་པོ་དང་། རོགས་ཟླ་ཡག་པོ། གྲོགས་པོ་ཡག་པོ་བཅས་ཡིན་པ་དང་། མིག་སྔར་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཆུ་ཚད་མཐོན་པོའི་སྒོ་ནས་གོང་འཕེལ་འགྲོ་བཞིན་ཡོད། ཁེར་གྷི་སི་ཐན་ཕྱོགས་ནས་ཀྲུང་གོས་དུས་ཡུན་རིང་པོའི་ནང་རྒྱབ་སྐྱོར་དང་རོགས་རམ་ནུས་ལྡན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱི་སྲོག་ཤིང་གི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་དཔལ་འབྱོར་ཉོ་ཚོང་དང་བདེ་འཇགས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ཅེས་གསུངས།