མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨ་ཀེན་ཐིན་གྱི་ཙུང་ཐུང་མ་ཁེ་ལི་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་19ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཨ་ཀེན་ཐིན་གྱི་ཙུང་ཐུང་མ་ཁེ་ལི་དང་གྲོས་མོལ་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་17ཉིན་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཀེན་ཐིན་གྱི་ཙུང་ཐུང་མ་ཁེ་ལི་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་གཉིས་ཕན་མཛའ་མཐུན་གྱི་མཉམ་ལས་རྒྱ་ཆེར་བཏང་སྟེ་ཀྲུང་ཨའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་བས་གོང་འཕེལ་ཆེན་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་མཐའ་གཅིག་ཏུ་གནང་བ་རེད།
         ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་ཨའི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་45སོང་བའི་ལོ་ཡིན། ཀྲུང་ཨ་རྒྱལ་ཁབ་གཉིས་པོ་ནི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མི་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་གལ་ཆེན་ཡིན་པའི་ངོས་ནས། ཕྱོགས་གཉིས་པོས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་མ་ཟད། འཛམ་གླིང་དར་རྒྱས་བརྟན་ལྷིང་ཡོང་བར་སྐུལ་མ་གཏོང་རྒྱུར་ཡང་ཕན་པ་ཡོད། ཀྲུང་ཨ་ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཀྱི་ཐུན་མོང་ངོས་འཛིན་སྲ་བརྟན་དུ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་ཁ་ཕྱོགས་ལ་ཁྲིད་སྟོན་ཡག་པོ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མཉམ་ལས་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ལེགས་པ་ཐོབ་པ་བྱེད་དགོས་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས་བློ་བརྟན་འགྱུར་མེད་ངང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་གཞུང་དང་། ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་། ས་གནས་སོགས་ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་འགྲོ་འོང་རྒྱ་ཆེར་བཏང་སྟེ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། མཉམ་ལས་གཉིས་ཕན་བཅས་མཐའ་འཁྱོངས་བྱས་ནས་ཕྱོགས་གཉིས་པོའི་སྲོག་ཤིང་གི་ཁེ་ཕན་གནད་དོན་དང་འབྲེལ་བ་ཡོད་པའི་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཁབ་གཉིས་པོའི་ཁེ་ཕན་མཉམ་འདྲེས་གཏིང་ཟབ་ཏུ་བཏང་སྟེ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགྲོ་བཏོན་པ་དེ་ཨ་ཀེན་ཐིན་རྒྱལ་ནང་འཕེལ་རྒྱས་ཀྱི་འཆར་འགོད་དང་འབྲེལ་མཐུད་ཡོང་བར་སྐུལ་མ་གཏོང་བ་མ་ཟད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ནུས་རྒྱུ། ཞིང་ལས། གཏེར་ལས། བཟོ་སྐྲུན་ལས་རིགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས་ཆུ་གློག་དང་ལྕགས་ལམ་སོགས་ད་ཡོད་ཀྱི་མཉམ་ལས་རྣམ་གྲངས་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཁྲོམ་རའི་སྒོ་དབྱེ་རྒྱ་ཆེར་བཏང་ནས་ཚོང་དོན་གྱི་གྲུབ་ཆ་ལེགས་སུ་གཏོང་དགོས། ཨ་ཀེན་ཐིན་ཕྱོགས་ཀྱིས《ཀྲུང་གོ་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་རྒྱུའི་གྲོས་ཆོད་ཡི་གེའི》དོན་ཚན་བཅོ་ལྔ་པ་ལག་བསྟར་གྱི་འོས་འགན་བསྒྲུབ་རྒྱུ་ཁས་ལེན་ཁ་གསལ་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་45འཁོར་བར་རྟེན་འབྲེལ་ཞུ་བའི་རིག་གནས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཐུན་མོང་ཐོག་ཡག་པོ་གཉེར་ནས་རིག་གནས་དང་། སློབ་གསོ། ཚན་རྩལ། གཞོན་ནུ། ཡུལ་སྐོར། ས་གནས། རྐང་རྩེད་སྤོ་ལོ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ཟབ་ཏུ་བཏང་ནས་ཉེན་རྟོག་ལས་དོན་གྱི་ཁྲིམས་འཛིན་དང་ལྷོ་སྣེའི་ལས་དོན་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་གནང་བ་རེད།
         མ་ཁེ་ལིས་གྲོལ་མ་ཐག་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
         མ་ཁེ་ལིས་ཨ་ཀེན་ཐིན་ཕྱོགས་ཀྱིས་ཨ་ཀྲུང་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་རྒྱུར་འབད་རྒྱུ་ཡིན། ཨ་ཀེན་ཐིན་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱས་ནས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་པའི་སྙིང་སྟོབས་ལ་གཞིགས་ཏེ་རྒྱལ་ཁབ་གཉིས་པོའི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་བསམ་ཤེས་བྱེད་ཚད་ཟབ་ཏུ་བཏང་ནས་ཕྱོགས་གཉིས་པོའི་ཐུན་མོང་གི་ངོས་འཛིན་རྒྱ་ཆེར་གཏོང་འདོད་ཡོད་ཅེས་གསུངས་པ་རེད།