མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སློབ་གསོ་པུས་རྒྱལ་ཡོངས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་གཞི་བཟོ་བའི་ལོ་ལྔའི་འཆར་
འགོད་དང་དོ་དམ་བྱེད་ཐབས་ཀྱི་ཞིབ་བཟོའི་ལས་དོན་སྤེལ་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་25ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། སློབ་གསོ་པུས་རྒྱལ་ཡོངས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་གཞི་བཟོ་བའི་ལོ་ལྔའི་འཆར་འགོད་དང་སློབ་གཞི་དོ་དམ་བྱེད་ཐབས་ཀྱི་ཞིབ་བཟོའི་ལས་དོན་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་ནི་འབྱུང་འགྱུར་ལོ་ལྔའི་སློབ་གཞི་བཟོ་བའི་ལས་དོན་འཆར་འགོད་ཞིབ་ཕྲ་བྱས་ནས་སློབ་གཞི་དོ་དམ་གྱི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་འཛུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་གསར་པ་དོན་འཁྱོལ་བྱ་རྒྱུ་དེ་ཡིན། 
           ཤེས་རྟོགས་བྱུང་བར་གཞིགས་ན། ཞིབ་བཟོའི་ལས་འགན་གཙོ་བོའི་ནང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་གཞི་བཟོ་བའི་ལོ་ལྔའི་འཆར་འགོད་དང་སློབ་གཞི་དོ་དམ་གྱི་བྱེད་ཐབས་བཞི་དང་སློབ་གཞི་དོ་དམ་གྱི་བྱེད་ཐབས་སློབ་གྲྭ་འབྲིང་ཆུང་དང་། འབྲིང་རིམ་ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ་བཅས་ལ་ཁྱབ་པའི་སློབ་གཞི། ནང་འདྲེན་སློབ་གཞི་འདེམས་སྤྱོད། རིམ་པ་ཁག་དང་རིགས་ཁག་གི་སློབ་གཞི་རྩོམ་སྒྲིག་དང་། ཞིབ་བཤེར། བེད་སྤྱོད། ནང་འདྲེན་སོགས་ལྷུ་ཚིགས་ཁག་བཅས་ཀྱི་ལམ་ལུགས་ཚུད་ཡོད། སློབ་གསོ་པུས་ཆེད་མངགས་ཞིབ་བཟོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ཞིབ་བཟོའི་ལས་དོན་ལ་སྤྱི་འདོམས་མཐུན་སྦྱོར་བྱས་པ་དང་འབྲེལ་སློབ་གཞི་བཟོ་བའི་འཆར་འགོད་དང་སློབ་གཞི་དོ་དམ་བྱེད་ཐབས་ཀྱི་མ་ཟིན་འཆར་འགོད་ཀྱི་ཚོགས་ཆུང་སོ་སོར་བཙུགས་ཐོག སྲིད་འཛིན་དང་རིགས་གཅིག་མཁས་ཅན་གྱི་ཙུའུ་ཀྲང་གཉིས་ཀྱི་ལམ་ལུགས་ལག་བསྟར་བྱས་པ་མ་ཟད། འབྲེལ་ཡོད་ཀྱི་མཐོ་སློབ་དང་ཚན་ཞིབ་ཁང་དང་སུའོ་སྒྲིག་འཛུགས་བྱས་ཏེ་ཆེད་དོན་ཞིབ་འཇུག་དང་མ་ཟིན་ལ་འཆར་ཟིན་བཀོད་ཡོད།
            སློབ་གསོ་པུའི་ཏང་ཙུའུ་ཡི་ཁོངས་མི་དང་པུའུ་ཀྲང་གཞོན་པ་ཀྲུའུ་ཀྲི་ཝུན་གྱིས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དང་རིན་ཐང་གི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་གཞི་བཟོ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་སློབ་གཞིའི་སྤུས་ཚད་མཐོ་རུ་ཏན་ཏིག་གཏོང་རྒྱུ་དང་ཏང་གིས་སློབ་གསོའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ནན་བཤད་བྱས་ཤིང་། ཁོང་གིས་སློབ་གཞི་བཟོ་བའི་འཆར་འགོད་དང་དོ་དམ་བྱེད་ཐབས་ཐད་བླང་བྱ་ལྔ་ངེས་པར་དུ་ཁོང་དུ་ཆུད་པ་བྱེད་དགོས་པ་སྟེ། གཅིག་ནས་ཆབ་སྲིད་ཀྱི་སྤྱི་འདོམས་དང་ཁ་ཕྱོགས་སྟངས་འཛིན་མཐའ་འཁྱོངས་བྱེད་དགོས་པ་དང་། གཉིས་ནས་སློབ་མ་གཙོ་བོར་བཟུང་སྟེ་ཀུན་སྤྱོད་བཟང་པོར་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་དགོས་པ། གསུམ་ནས་ཚན་རིག་ལ་མཐོང་ཆེན་བྱས་ཏེ་ཆོས་ཉིད་ལ་བརྩི་འཇོག་བྱེད་དགོས་པ། བཞི་ནས་ལམ་སྲོལ་གསར་གཏོད་བྱས་ཏེ་དཀའ་གནད་སེལ་དགོས་པ། ལྔ་ནས་བཀོལ་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ་ཕན་འབྲས་དངོས་ཐོབ་རྒྱུར་གཙིགས་ཆེན་བྱེད་དགོས་ཞེས་གསུངས་པ་རེད། མཇུག་ཏུ་ཁོང་གིས་ཞིབ་བཟོའི་ལས་དོན་ཐད་སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལས་བགོས་མཉམ་ལས་ལ་གཙིགས་ཆེན་བྱས་ནས་ཞིབ་བཟོའི་སྤུས་ཚད་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།