མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཝང་དབྱི་ཡིས་ཁོ་རེ་ཡ་གླིང་ཕྱེད་ཀྱི་ཉིང་རྡུལ་གནད་དོན་ཐག་གཅོད་པར་ངེས་པར་དུ་རྩ་དོན་
རྒྱུན་འཁྱོངས་དང་ཁྱོན་ཡོངས་ལ་བསམ་ཤེས། སྟབས་བསྟུན་དོན་གཉེར་
བཅས་བྱེད་དགོས་ཞེས་བསྟན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་25ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཝང་དབྱི་ཡིས་ཁོ་རེ་ཡ་གླིང་ཕྱེད་ཀྱི་ཉིང་རྡུལ་གནད་དོན་ཐག་གཅོད་པར་ངེས་པར་དུ་རྩ་དོན་
རྒྱུན་འཁྱོངས་དང་ཁྱོན་ཡོངས་ལ་བསམ་ཤེས། སྟབས་བསྟུན་དོན་གཉེར་
བཅས་བྱེད་དགོས་ཞེས་བསྟན་པ།

            མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་24ཉིན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་པེ་ཅིང་དུ་འཇར་མན་གྱི་སྲིད་བློན་གཞོན་པའམ་ཕྱི་འབྲེལ་བློན་ཆེན་ཀ་པུ་རི་ཨེལ་(Gabriel)དང་གྲོས་མོལ་གནང་རྗེས་མཉམ་དུ་གསར་འགོད་པའི་ཚོགས་འདུར་ཞུགས་པ་རེད།
          ཁོ་རེ་ཡ་གླིང་ཕྲན་ཕྱེད་མའི་དུས་བབ་གནད་དོན་སྐོར་ལ་དྲིས་ལན་འདེབས་དུས། ཝང་དབྱི་ཡིས་ད་ལྟའི་ཁོ་རེ་ཡ་གླིང་ཕྲན་ཕྱེད་མའི་དུས་བབ་ནི་དམིགས་བསལ་གྱི་དུས་སྐབས་ཤིག་ཏུ་སླེབས་ཡོད་པ་རེད། ལྡོག་ནས་བཤད་ན། འགྱུར་ལྡོག་ཡོང་གཞི་རྩ་བའི་འགག་རྩའི་དུས་མཚམས་ཤིག་ཏུ་སླེབས་ཡོད། ང་ཚོར་སྐབས་རེ་གཏམ་བཟང་གོ་རྒྱུ་ཡོད་ལ། སྐབས་རེ་གཏམ་ངན་ཡང་གོ་རྒྱུ་འདུག དེར་བརྟེན། གླིང་ཕྲན་ཕྱེད་མའི་ཉིང་རྡུལ་གནད་དོན་ཐག་གཅོད་པར། ཐོག་མར་རྩ་དོན་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་རེད། གལ་ཆེ་ཤོས་ནི་ཉིང་རྡུལ་མེད་པར་བཟོ་རྒྱུའི་ཁ་ཕྱོགས་ཆེན་པོ་འདི་རྒྱུན་འཁྱོངས་བྱེད་རྒྱུ་འདི་རེད། བྱང་ཁོ་རེ་ཡས་ཉིང་རྡུལ་འཕུར་མདེལ་གསར་སྤེལ་གྱི་བྱ་སྤྱོད་མུ་མཐུད་སྤེལ་བར་ང་ཚོས་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། ཕྱོགས་ཁག་དང་མཉམ་དུ་ཡོལ་འཛོལ་སྤུ་ཙམ་ཡང་མེད་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བྱང་ཁོ་རེ་ཡ་དང་འབྲེལ་བའི་གྲོས་ཆོད་ལག་བསྟར་བྱེད་རྒྱུ་ཡིན་ཞེས་བསྟན་པ་རེད།
          གཉིས་པ་ནི་ཁྱོན་ཡོངས་ལ་བསམ་ཤེས་བྱེད་རྒྱུ་སྟེ། ཁྱོན་ཡོངས་ཞེས་པ་འདི་ནི་ཁོ་རེ་ཡ་གླིང་ཕྲན་ཕྱེད་མའི་ཞི་བདེ་དང་འཕེལ་རྒྱས་ཡིན། ཕྱོགས་གང་ཞིག་ཡིན་རུང་གླིང་ཕྲན་ཕྱེད་མར་དམག་འཁྲུག་ཡོང་དུ་འཇུག་དབང་མེད་ལ། སུ་ཞིག་གིས་ཀྱང་ས་ཁུལ་ཙམ་མ་ཟད་འཛམ་གླིང་ལ་གནོད་སྐྱོན་གྱི་གོད་ཆག་བཟོ་བའི་ལོ་རྒྱུས་ཀྱི་འགན་ཁུར་ཐེག་མི་ཐུབ་པ་རེད།
          གསུམ་པ་ནི་སྟབས་བསྟུན་དོན་གཉེར་དགོས་པ་སྟེ། ཕྱོགས་ཁག་གི་སྲིད་ཇུས་བྱེད་ཐབས་སུ་འདས་སོང་བའི་མཁྲེགས་འཛིན་གྱི་ལྟ་ཚུལ་མི་འཛིན་པར། དུས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ཏེ་རིག་པ་རྣོ་བའི་སྒོ་ནས་ཁ་བརྡ་གྲོས་མོལ་ལ་ཕན་པའི་གོ་སྐབས་ཡོད་ཚད་དམ་འཛིན་བྱས་ཏེ་འཕྲལ་མར་སྟབས་བསྟུན་དང་ལྷག་བསམ་མངོན་ནས་མགྱོགས་མྱུར་ངང་གླིང་ཕྲན་ཕྱེད་མའི་གནད་དོན་ཡང་བསྐྱར་ཞི་བདེ་ཁ་བརྡའི་བྱེད་ཐབས་ཡང་དག་ནང་ཞུགས་དགོས།
          ཝང་དབྱི་ཡིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཏན་འབེབས་ཁག་ཀྲུང་གོས་ཕྱོགས་ཡོངས་དང་ཆ་ཚང་བར་ལག་ལེན་བསྟར་བཞིན་ཡོད་ལ། དུས་མཚུངས་སུ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཀྱི་དགོངས་དོན་ལ་གཞིགས་ཏེ་ཁ་བརྡ་གྲོས་མོལ་བྱེད་ཐབས་དངོས་སུ་སྤྱོད་རུང་བ་སླར་གསོ་ཡོང་བའི་གྲོས་འགོ་འདོན་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་ནས་དོན་དག་འདིའི་ཕྱོགས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་རྒྱུ་ཡིན་ཞེས་བསྟན་པ་རེད།