མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་རྒྱལ་ནང་གི་དུས་གཏན་གནམ་གྲུར་སྡོད་སྐབས་ཀྱི་ལམ་ཡིག་
དེ་གནམ་གྲུར་སྡོད་པའི་གོ་ཆོད་པའི་ཐོབ་ཐང་ལག་ཁྱེར་ལ་བརྩི་ཆོག་ཅེས་བཤད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་26ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་23ཉིན་དམངས་སྤྱོད་མཁའ་འགྲུལ་ཅུས་སྤྱི་བདེ་ཅུས་ཀྱིས་བརྡ་ཐོ་བཏང་ནས་འགྲུལ་པས་ལམ་ཡིག་སྤྱད་དེ་རྒྱལ་ནང་གི་དུས་གཏན་གནམ་གྲུར་སྡོད་པའི་འབྲེལ་ཡོད་གནད་དོན་སྔར་བས་ཁ་གསལ་བཟོས་ཡོད་པ་རེད། བརྡ་ཐོའི་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལམ་ཡིག་གནམ་གྲུར་སྡོད་པའི་གོ་ཆོད་པའི་ཐོབ་ཐང་ལག་ཁྱེར་ལ་བརྩིས་ནས་རྒྱལ་ནང་གི་དུས་གཏན་གནམ་གྲུའི་སྤ་སེ་ཉོ་བ་དང་། གནམ་གྲུར་སྡོད་པའི་འགྲོ་ལུགས་གཉེར་བ། བདེ་འཇགས་ཞིབ་བཤེར་ཀྱི་འགྲོ་ལུགས་གཉེར་བ་བཅས་བྱེད་དགོས་པ་དང་། འགྲུལ་པས་རྒྱལ་ནང་གི་དུས་གཏན་གནམ་གྲུར་སྡོད་པའི་སྤ་སེ་ཉོ་བ་དང་། གནམ་གྲུར་སྡོད་པའི་འགྲོ་ལུགས་གཉེར་བ། བདེ་འཇགས་ཞིབ་བཤེར་གྱི་འགྲོ་ལུགས་གཉེར་བ་བཅས་ཀྱི་སྐབས་སུ་ངེས་པར་དུ་གནམ་གྲུར་སྡོད་པའི་གོ་ཆོད་པའི་ཐོབ་ཐང་ལག་ཁྱེར་གཅིག་མཚུངས་སྤྱོད་དགོས་ཞེས་བཏོན་ཡོད།
         དེ་དང་ཆབས་ཅིག་དམངས་སྤྱོད་མཁའ་འགྲུལ་ཅུས་སྤྱི་བདེ་ཅུས་ཀྱིས་འགྲུལ་པར་དྲན་སྐུལ་བྱས་དོན། ཡུལ་མིའི་ཐོབ་ཐང་ལག་ཁྱེར་གྱི་གོ་ཆོད་དུས་ཚོད་ཡོལ་ཚེ་མུ་མཐུད་སྤྱོད་མི་རུང་། གལ་ཏེ་གོ་ཆོད་དུས་ཚོད་ཡོལ་ཚེ་གནས་སྐབས་ཀྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་རམ་ཡང་ན་སྤྱི་བདེ་ལས་ཁུངས་ཀྱིས་བྲིས་པའི་མི་སྒེར་གྱི་ཉེ་དུས་ཞྭ་ཕུད་འདྲ་པར་སྦྱར་བའི་ལག་ཁྱེར་ལ་བརྟེན་པ་དང་འབྲེལ་ཐེམ་ཐོའི་ཆེད་སྤྱོད་ཐམ་ག་རྒྱག་དགོས་པ་དང་གོ་ཆོད་དུས་ཚོད་བཀོད་པའི་《ཡུལ་མིའི་ཐོབ་ཐང་ལག་ཁྱེར་ལེན་པའི་རེ་ཞུའི་འབྱོར་ལན་》གནམ་གྲུར་སྡོད་པའི་གོ་ཆོད་པའི་ཐོབ་ཐང་ལག་ཁྱེར་ལ་བརྩིས་ནས་བེད་སྤྱོད་གཏོང་ཆོག་གི་ཡོད། བརྡ་ཐོའི་ནང་དམངས་སྤྱོད་གནམ་ཐང་གི་སྤྱི་བདེ་ལས་ཁུངས་ཀྱིས་ངེས་པར་དུ“དམངས་བདེ་དང་ཞབས་ཞུའི”རྩ་དོན་གཞིར་བཟུང་དགོས་མཁོ་ཡོད་པའི་འགྲུལ་པར་《དམངས་སྤྱོད་གནམ་གྲུར་སྡོད་པའི་གནས་སྐབས་ཀྱི་ཐོབ་ཐང་ངོ་སྤྲོད་》སྤྲད་དེ་འགྲུལ་པ་བདེ་བླག་ངང་ཕྱིར་སྐྱོད་ཐུབ་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
         འདི་ལོའི་ཟླ་1ཚེས་1ཉིན་གསར་དུ་པར་སྐྲུན་བྱས་པའི་《དམངས་སྤྱོད་མཁའ་འགྲུལ་གྱི་བདེ་འཇགས་ཞིབ་བཤེར་ལམ་སྲོལ་》དེ་2017ལོའི་ཟླ་1ཚེས་1ཉིན་དངོས་སུ་ལག་བསྟར་བྱས་པ་དང་། ཡིག་ཆ་དེའི་ནང་གནམ་གྲུར་སྡོད་པའི་གོ་ཆོད་པའི་ཐོབ་ཐང་ལག་ཁྱེར་གྱི་འབྲེལ་ཡོད་ནང་དོན་འགའ་ཞིག་ལ་བཟོ་བཅོས་བརྒྱབ་ནས་གོ་ཆོད་དུས་ཚོད་ཡོལ་བའི་ལག་ཁྱེར་དེ་གནམ་གྲུར་སྡོད་པའི་གོ་ཆོད་པའི་ཐོབ་ཐང་ལག་ཁྱེར་ལ་བརྩི་མི་རུང་བ་སོགས་ཀྱི་གཏན་འབེབས་བྱས་ཡོད།