མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྤུན་ཟླ་ཐའེ་དབན་བའི་མ་འཇོག་ཁེ་ལས་མཐུན་འབྲེལ་ལྷན་
ཚོགས་བཙུགས་ནས་ལོ་10འཁོར་བར་བཀྲ་ཤིས་བདེ་ལེགས་ཞུ་བའི་
འཕྲིན་ཡིག་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་26ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་སྤུན་ཟླ་ཐའེ་དབན་བའི་མ་འཇོག་ཁེ་ལས་མཐུན་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་བཅུ་འཁོར་བའི་མཚམས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་གནང་སྟེ་རྒྱལ་ཡོངས་ཀྱི་སྤུན་ཟླ་ཐའེ་དབན་བའི་མ་འཇོག་ཁེ་ལས་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་དང་རྒྱ་ཆེའི་ཐའེ་དབན་གྱི་ཚོང་པ་ཚོར་སྤྲོ་སེམས་རབ་ཏུ་འཁོལ་བའི་བཀྲ་ཤིས་བདེ་ལེགས་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།
          ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་དུས་རབས་གོང་མའི་ལོ་རབས་80པའི་ནང་མཚོ་འགག་ངོགས་གཉིས་དབར་གྱི་བཀག་སྡོམ་རྒྱལ་སྒོ་ཕྱེ་རྗེས་མེས་རྒྱལ་སྐམ་ས་ཆེ་མོ་འདི་ཉིད་སྤུན་ཟླ་ཐའེ་དབན་བའི་མ་འཇོག་ལས་གཏོད་དང་བདེ་སྡོད་ངང་འཚོ་གནས་བྱ་ཡུལ་དུ་རིམ་པས་གྱུར་ཡོད། ངོགས་གཉིས་ནི་འབྲལ་ཐབས་མེད་པའི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་པ་དང་ངོགས་གཉིས་ཀྱི་དཔལ་འབྱོར་དེ་ཀྲུང་ཧྭ་མི་རིགས་ཀྱི་དཔལ་འབྱོར་ཁོངས་སུ་གཏོགས་ཡོད། སྤུན་ཟླའི་བདེ་སྐྱིད་ཆེ་རུ་དང་བརྩེ་དུང་ཟབ་ཏུ་བཏང་ནས་མི་རིགས་ཀྱི་ལས་དབང་དེ་རང་ཉིད་ཀྱིས་སྟངས་འཛིན་ནན་པོ་བྱ་རྒྱུ་ནི་ངོགས་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་བསམ་འདུན་ཡིན། ང་ཚོས་དང་ཐོག་རྒྱ་ཆེའི་སྤུན་ཟླ་ཐའེ་དབན་བ་དང་མཉམ་དུ་སྐམ་ས་ཆེ་མོའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་དུ་སྤྱོད་འདོད་ཡོད་ལ་སྤུན་ཟླ་ཐའེ་དབན་བ་སྐམ་ས་ཆེ་མོར་མ་འཇོག་ལས་གཏོད་དུ་ཡོང་རྒྱུར་དགའ་བསུ་ཡང་ཞུ་རྒྱུ་ཡིན། ང་ཚོས་འབྲེལ་ཡོད་ཀྱི་སྲིད་ཇུས་དང་བྱ་ཐབས་མུ་མཐུད་ཞིབ་འཇུག་བྱས་ནས་བཟོས་ཏེ་སྤུན་ཟླ་ཐའེ་དབན་བ་སྐམ་ས་ཆེ་མོར་སློབ་སྦྱོང་དང་། ལས་ཞུགས། ལས་གཏོད། འཚོ་བ་བཅས་ཀྱི་ཐད་སྟབས་བདེ་དེ་བས་མང་བ་བསྐྲུན་རྒྱུ་ཡིན། ང་ཚོས་སྤུན་ཟླ་ཐའེ་དབན་བའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
         ཞི་ཅིན་ཕིང་གིས་སྤུན་ཟླ་ཐའེ་དབན་བའི་མ་འཇོག་ཁེ་ལས་མཐུན་འབྲེལ་ལྷན་ཚོགས་ཀྱིས་ཡང་འབད་བསྐྱར་འབད་ཀྱི་སྒོ་ནས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་ཐོག་སྤུན་ཟླ་ཐའེ་དབན་བར་རྒྱ་ཁྱབ་ངང་མཐུན་སྒྲིལ་དང་ཐུན་མོང་ཐོག་གསར་འབྱེད་ཡར་བརྩོན་ཡོང་བ་བྱས་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་ཡོང་རྒྱུར་སྲུང་སྐྱོང་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
         རྒྱལ་ཡོངས་ཀྱི་སྤུན་ཟླ་ཐའེ་དབན་བའི་མ་འཇོག་ཁེ་ལས་མཐུན་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་10འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དེ་ཚེས་24ཉིན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་མཁན་ཐའེ་དབན་གྱི་ཚོང་པའི་འཐུས་མིར་མཇལ་འཕྲད་གནང་བ་དང་ཆབས་ཅིག་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་རྒྱལ་ཡོངས་ཀྱི་སྤུན་ཟླ་ཐའེ་དབན་བའི་མ་འཇོག་ཁེ་ལས་མཐུན་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་10འཁོར་བའི་མཚམས་འདིར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་མངགས་རྒྱལ་ཡོངས་ཀྱི་སྤུན་ཟླ་ཐའེ་དབན་བའི་མ་འཇོག་ཁེ་ལས་མཐུན་འབྲེལ་ལྷན་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་གནང་བ་དེ་ཐོག་ནས་རྒྱལ་ཡོངས་ཀྱི་སྤུན་ཟླ་ཐའེ་དབན་བའི་མ་འཇོག་ཁེ་ལས་མཐུན་འབྲེལ་ལྷན་ཚོགས་དང་རྒྱ་ཆེའི་ཐའེ་དབན་གྱི་ཚོང་པ་ཚོར་ཧ་ཅང་མཐོང་ཆེན་དང་ཐུགས་བརྩེ་ཟབ་མོ་བཅངས་བ་གང་ལེགས་མཚོན་ཡོད་ལ་རྒྱལ་ཡོངས་ཀྱི་སྤུན་ཟླ་ཐའེ་དབན་བའི་མ་འཇོག་ཁེ་ལས་མཐུན་འབྲེལ་ལྷན་ཚོགས་ཀྱི་འཕེལ་རྒྱས་ཆེད་ཁ་ཕྱོགས་ཀྱང་གསལ་སྟོན་གནང་ཡོད་ཅེས་གསུངས་པ་རེད།
          ཡུས་ཀྲེང་ཧྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་གནང་བ་དེ་ཐོག་ནས་ཐའེ་དབན་ལ་འཛིན་པའི་སྐམ་ས་ཆེ་མོའི་མཛད་ཇུས་གལ་ཆེན་པོའི་བྱེད་ཕྱོགས་ཁ་གསལ་དང་འགྱུར་ལྡོག་མེད་པ་ཞིག་ཡིན་པ་མཚོན་ཡོད་ལ་དུས་བབ་གསར་པའི་འོག་ངོགས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཉམ་འདྲེས་ཡོང་བར་སྐུལ་མ་གཏོང་བ་དང་སྤུན་ཟླ་ཐའེ་དབན་བ་སྐམ་ས་ཆེ་མོར་འཕེལ་རྒྱས་གཏོང་བར་ཡོང་རྒྱུར་དགའ་བསུ་ཞུ་བ་དང་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་འདོད་ཚུལ་ཡང་མངོན་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་རྟེན་འབྲེལ་འཕྲིན་ཡིག་གི་ནང་དོན་ཕུན་སུམ་ཚོགས་པས་ང་ཚོས་གོ་བ་གཏིང་ཟབ་ལེན་དགོས་ཞེས་གསུངས་པ་རེད།