མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་དེང་རབས་ཅན་གྱི་མཚོ་དམག་སྟོབས་ཆེན་འཛུགས་སྐྲུན་ཧུར་ཐག་བྱས་ནས་ཀྲུང་
གོའི་ཕུགས་འདུན་དང་མཚོ་དམག་སྟོབས་ཆེན་གྱི་ཕུགས་འདུན་སྒྲུབ་ཕྱིར་འདེགས་
སྐྱོར་ཤུགས་ཆེན་བྱེད་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་26ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་དེང་རབས་ཅན་གྱི་མཚོ་དམག་སྟོབས་ཆེན་འཛུགས་སྐྲུན་ཧུར་ཐག་བྱས་ནས་ཀྲུང་
གོའི་ཕུགས་འདུན་དང་མཚོ་དམག་སྟོབས་ཆེན་གྱི་ཕུགས་འདུན་སྒྲུབ་ཕྱིར་འདེགས་
སྐྱོར་ཤུགས་ཆེན་བྱེད་དགོས་ཞེས་ནན་བཤད་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་24ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཚོ་དམག་ལས་ཁུངས་ལ་གཟིགས་ཞིབ་གནང་སྐབས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་མཚོ་དམག་གི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་མཚོ་དམག་གི་བཀོད་འཐབ་པ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། ཁོང་གིས་འཐབ་ཇུས་རང་བཞིན་གྱི་དམག་རིགས་ཤིག་ཡིན་པའི་མཚོ་དམག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ནང་གལ་འགངས་ཤིན་ཏུ་ཆེ་བའི་གནས་བབ་བཟུང་ཡོད། དུས་བབ་གསར་པའི་འོག་གི་ཏང་གི་དམག་དཔུང་སྟོབས་ཆེའི་དམིགས་ཚད་སྣེ་འདྲེན་དུ་བྱས་ཏེ་དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་ལེན་བསྟར་བ་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱ་རྒྱུ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་རྒྱུ། ཁྲིམས་ལུགས་ལ་བརྟེན་ནས་དམག་དཔུང་བཅོས་སྐྱོང་བྱ་རྒྱུ་བཅས་མཐའ་འཁྱོངས་བྱེད་པ། འཛམ་གླིང་ཐོག་གི་རྩེར་སོན་ལ་དམིགས་པ། བློ་རྩ་བརྟན་པོས་གསར་གཏོད་ཡར་བརྩོན་བྱེད་པ། ཕྱོགས་སྒྱུར་འཛུགས་སྐྲུན་མགྱོགས་པོ་བྱེད་པ། དེང་རབས་ཅན་གྱི་མཚོ་དམག་སྟོབས་ཆེན་འཛུགས་སྐྲུན་ཧུར་ཐག་བྱེད་པ་བཅས་ཀྱི་ཐོག་ནས་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེན་གྱི་ཕུགས་འདུན་སྒྲུབ་ཕྱིར་འདེགས་སྐྱོར་ཤུགས་ཆེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་མཚོ་དམག་ལ་སྔར་ནས་བཟུང་མཐོང་ཆེན་པོ་གནང་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཁོང་མཚོ་དམག་དཔུང་སྡེར་གཟིགས་ཞིབ་གནང་བར་ཐེངས་མང་ཕེབས་ཡོད། སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཡོལ་ཙམ་ལ་ཞི་ཅིན་ཕིང་མཚོ་དམག་ལས་ཁུངས་སུ་ཕེབས་ནས་མཚོ་དམག་གི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དང་མཚོ་དམག་ལས་ཁུངས་ཀྱི་ཧྲི་རིམ་པ་རྒན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་འབྲེལ་ཚང་མ་དང་ལྷན་བཞུགས་སྐུ་པར་ཡང་སྒྲོན་པ་རེད།
         ལྷན་བཞུགས་སྐུ་པར་སྒྲོན་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་མཚོ་དམག་གི་དམག་འཐབ་བཀོད་འདོམས་ཚོམས་ཆེན་དུ་ཕེབས་ནས་ཉིན་དེའི་མཚོ་དམག་ཁོངས་ཀྱི་མཁའ་ཐོག་དམག་ཤུགས་འགུལ་སྐྱོད་བྱ་ཚུལ་མཁྱེན་རྟོགས་གནང་བ་རེད། ཉེ་བའི་ལོ་ཤས་རིང་མཚོ་དམག་གི་དམག་དོན་ལས་འགན་ཧ་ཅང་ལྕི་པོ་ཡོད། ཞི་ཅིན་ཕིང་གིས་མཚོ་དམག་གི་འཐབ་ཕྱོགས་དང་པོར་ལས་འགན་སྒྲུབ་བཞིན་པའི་དཔུང་སྡེར་ཐུགས་ཁུར་ཆེན་པོ་གནང་ཞིང་། ཁོང་གིས་བརྙན་ལམ་བརྒྱུད་མཚོ་ཐོག་ཏུ་ལས་འགན་སྒྲུབ་བཞིན་པའི་མཚོ་དམག་གི་དཔོན་དམག་ལ་འཚམས་འདྲི་གནང་བ་རེད། བློ་མཐུན་ཞི་ཅིན་ཕིང་གིས་མཚོ་ཐོག་ཏུ་རྒྱང་སྐྱོད་ཀྱིས་འཚམས་འདྲི་བྱེད་བཞིན་པའི་དཔུང་རུ་ཨང་150དང་ཞལ་པར་ཐོག་ནས་འབྲེལ་བ་གནང་ཞིང་། དཔུང་རུ་ཕྱོགས་ནས་ཞི་ཅིན་ཕིང་ལ་དཔུང་རུ་ཕྱི་ཕྱོགས་ལ་སྐྱོད་འགོ་ཚུགས་ནས་ཟླ་བ་གཅིག་ལྷག་ཙམ་རིང་རྒྱལ་ཁབ་5ལ་འཚམས་འདྲི་ཞུས་པ་དང་ས་གནས་སོ་སོར་སླེབས་རིམ་བཞིན་ས་གནས་དེ་གའི་དགའ་བསུ་ཐོབ་ལུགས་ངོ་སྤྲོད་ཞུས་པ་རེད། གནས་ཚུལ་དེ་དག་གསན་རྗེས་ཞི་ཅིན་ཕིང་ཐུགས་ཧ་ཅང་མཉེས་པོ་བྱུང་། ཁོང་གིས་ཁོང་ཚོར་མཛའ་གྲོགས་བརྒྱུད་སྤྲོད་ཀྱི་ཕོ་ཉ་ཡག་པོ་ཞིག་བྱས་ནས་འཛམ་གླིང་ཞི་བདེར་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་ཞེས་བཀའ་མངགས་གནང་བ་རེད། དེ་རྗེས་ཞི་ཅིན་ཕིང་གིས་ཡང་དམག་གྲབས་ཉེན་ཟོན་སྐོར་གཡེང་ལས་འགན་སྒྲུབ་བཞིན་པའི་དམག་གྲུ་ཨང་538དང་ཞལ་པར་ཐོག་ནས་འབྲེལ་བ་གནང་བ་བརྒྱུད་དཔུང་སྡེ་དེས་རྟག་ཏུ་དམག་གྲབས་ལས་རེས་ལས་འགན་ཁུར་བ་མཁྱེན་རྟོགས་བྱུང་བ་རེད། ཞི་ཅིན་ཕིང་གིས་ཁོང་ཚོར་ཁྱེད་ཚོས་རྒྱུན་ཆད་མེད་པར་རླུང་འཐབ་རླབས་འཛིང་བྱས་ཡོད་པས་དཀའ་ལས་ཁག་སོང་། སླད་ཕྱིན་བློ་མཐུན་ཚོས་བློ་གཅིག་སེམས་གཅིག་གིས་རང་འགན་གཙང་སྒྲུབ་བྱས་ནས་ཏང་དང་མི་དམངས་ཀྱི་མངགས་བཅོལ་གལ་ཆེན་ཆུད་ཟོས་སུ་མི་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
          དེ་རྗེས་ཞི་ཅིན་ཕིང་གིས་མཚོ་དམག་གི་ལས་དོན་སྙན་སེང་གསན་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་དེང་རབས་ཅན་གྱི་མཚོ་དམག་སྟོབས་ཆེན་འཛུགས་སྐྱོང་བྱེད་པ་ནི་འཛམ་གླིང་ཐོག་གི་རྩེར་སོན་དམག་དཔུང་འཛུགས་སྐྱོང་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་དང་། མཚོ་ཐོག་སྟོབས་ཆེ་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་འདེགས་སྐྱོར་ཞིག ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་པའི་གྲུབ་ཆ་གལ་ཆེན་ཞིག་བཅས་རེད། མཚོ་དམག་གི་བཀོད་འཐབ་པ་ཡོངས་ཀྱིས་ལོ་རྒྱུས་དང་དུས་རབས་ཀྱི་མཐོ་ཚད་ཐོག་ལངས་ནས་དེང་རབས་ཅན་གྱི་མཚོ་དམག་སྟོབས་ཆེན་འཛུགས་སྐྱོང་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ལྕི་པོ་ཕྲག་ཐོག་ཏུ་འཁུར་དགོས་ཞེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་དང་དམག་དོན་འཐབ་ཇུས་ཀྱི་བླང་བྱ་ལག་བསྟར་བྱས་ཏེ་མཚོ་དམག་ཕྱོགས་སྒྱུར་འཛུགས་སྐྱོང་ལས་དོན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྤྱི་འདོམས་བྱེད་དགོས་ལ་སྐུལ་འདེད་ཀྱང་གཏོང་དགོས་པ་དང་། དམག་འཐབ་ཀྱི་དགོས་མཁོའི་ཕྱོགས་སུ་ཁྲིད་འཐེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་དངོས་འཐབ་དངོས་སྦྱོང་དང་མཉམ་འཐབ་མཉམ་སྦྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དམག་འཐབ་ནུས་པའི་ཚད་གཞི་དེ་མཚོ་དམག་ཕྱོགས་སྒྱུར་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིའི་ཐད་ཁྱབ་པ་བྱེད་དགོས་པ། མ་ལག་འཛུགས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། འཕྲུལ་ཆས་ཅན་དང་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་སྤྱི་འདོམས་དང་། སྐམ་ས་དང་ཐག་ཉེ་རིང་གི་མཚོ་ཐོག་སྟོབས་ཤུགས་འཛུགས་སྐྲུན་ལ་སྤྱི་འདོམས། ཆུ་ཐོག་དང་། ཆུ་འོག བར་སྣང་སོགས་ཀྱི་སྟོབས་ཤུགས་འཛུགས་སྐྲུན་ལ་སྤྱི་འདོམས། དམག་འཐབ་སྟོབས་ཤུགས་དང་འགན་ལེན་སྟོབས་ཤུགས་འཛུགས་སྐྲུན་ལ་སྤྱི་འདོམས་བཅས་བྱས་ནས་མ་ལག་མཉམ་འདུས་ཀྱི་དམག་འཐབ་ནུས་པ་ཤིག་ཆགས་རྒྱུའི་འགན་ལེན་བྱེད་དགོས་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། འགག་རྩ་ཡིན་པའི་ཚན་རྩལ་གསར་གཏོད་དམ་པོར་བཟུང་སྟེ་གསར་གཏོད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ། གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་བྱེད་པ། གསར་གཏོད་ཀྱི་མི་མངོན་པའི་ནུས་པ་ཟབ་གཏོང་བཅས་བྱས་ཏེ་མཚོ་དམག་ཕྱོགས་སྒྱུར་འཛུགས་སྐྱོང་བྱ་ཆེད་སྒུལ་ཤུགས་ཧ་ཅང་ཆེན་པོ་ཞིག་སྣོན་དགོས་པ། ཁྲིམས་ལུགས་ལ་བརྟེན་ནས་དམག་དཔུང་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། དམག་དཔུང་བཅོས་སྐྱོང་བྱེད་སྟངས་ཐད“རྩ་བའི་རང་བཞིན་གྱི་འགྱུར་བ་གསུམ”མགྱོགས་ནས་མྱུར་དུ་ཡོང་བ་བྱས་ནས་མཚོ་དམག་ཕྱོགས་སྒྱུར་འཛུགས་སྐྱོང་ལ་ཁྲིམས་ལྟར་བཅོས་སྐྱོང་གི་སྲོལ་ལམ་ཐོག་ནུས་པ་ལྡན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་པ་བཅས་བསྟན་གནང་བ་རེད།