མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐའེ་ཝན་དོན་གཅོད་གཞུང་ལས་ཁང་གིས"དགུ་གཉིས་གཅིག་མཐུན་
ལྟ་བ"ནི་གོ་གུང་ཏང་གཉིས་ཀྱི་འབྲེལ་བ་དང་ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་
གཏོང་རྒྱུའི་རྨང་གཞི་ཡིན་ཞེས་བསྐྱར་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་26ཉིན། 14:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐའེ་ཝན་དོན་གཅོད་གཞུང་ལས་ཁང་གིས'དགུ་གཉིས་གཅིག་མཐུན་
ལྟ་བ'ནི་གོ་གུང་ཏང་གཉིས་ཀྱི་འབྲེལ་བ་དང་ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་
གཏོང་རྒྱུའི་རྨང་གཞི་ཡིན་ཞེས་བསྐྱར་བསྒྲགས་བྱས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་25ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐའེ་ཝན་དོན་གཅོད་གཞུང་ལས་ཁང་གི་མགྲིན་ཚབ་པ་ཨན་ཧྥེང་ཧྲན་གྱིས་འཆར་ཅན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག"དགུ་གཉིས་གཅིག་མཐུན་ལྟ་བ"ཡི་སྙིང་དོན་ནི་མཚོ་འགག་ངོགས་གཉིས་ཀྲུང་གོ་གཅིག་ལ་གཏོགས་པ་ཡིན་ཞིང་། དེའི་གལ་ཆེ་བའི་རང་བཞིན་ནི་མཚོ་འགག་ངོགས་གཉིས་བར་གྱི་འབྲེལ་བའི་ངོ་བོ་གཏན་འཁེལ་ཁ་གསལ་བྱས་ཡོད་ཅིང་། མཚོ་འགག་ངོགས་གཉིས་བར་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་མིན་པ་གསལ་པོར་བསྟན་ཡོད་པས། ཚོགས་འདུ་གཉིས་ཀྱི་གྲོས་མོལ་དང་། གོ་གུང་ཏང་གཉིས་ཀྱི་འབྲེལ་བ་དང་མཚོ་འགག་ངོགས་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་རྨང་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་ནན་བཤད་བྱས་པ་རེད།
           གསར་འགོད་པ་ཞིག་གིས་ཝུའུ་ཏུན་དབྱི་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བའི་ཉིན་དེར། གོ་གུང་ཏང་གཉིས་ཀྱི་འགོ་ཁྲིད་ཀྱིས་ཕན་ཚུན་གློག་འཕྲིན་བཏང་བས། དེའི་འབྲེལ་ཡོད་ནང་དོན་དོ་སྣང་བྱ་ཡུལ་ཆེན་པོར་གྱུར་ཡོད།  ཝུའུ་ཏུན་དབྱི་ཡིས་ལན་འདེབས་གློག་འཕྲིན་ནང་དུ་“དགུ་གཉིས་གཅིག་མཐུན་ལྟ་བ”ཡི་ནང་དོན་ཞིབ་བརྗོད་བྱས་པའི་སྐོར་ལ་མགྲིན་ཚབ་པར་དཔྱད་གཏམ་གང་ཞིག་ཡོད་དམ་ཞེས་དྲིས་པར་ཨན་ཧྥེང་ཧྲན་གྱིས་གོང་གསལ་གྱི་ནན་བཤད་བྱས་པ་རེད།
          ཨན་ཧྥེང་ཧྲན་གྱིས་དྲིས་ལན་འདེབས་པའི་སྐབས་སུ་ད་དུང"དགུ་གཉིས་གཅིག་མཐུན་ལྟ་བ"ལ་འགྲེལ་བཤད་བྱས་ནས"1992ལོར། མཚོ་འགག་ངོགས་གཉིས་ཕྱོགས་ཀྱིས་དབང་ཆ་གནང་བ་བརྒྱུད། མཚོ་འགག་ངོགས་གཉིས་བར་གྱི་འབྲེལ་བའི་མཐུན་ཚོགས་དང་ཐའེ་ཝན་གྱི་མཚོ་འགག་ངོགས་གཉིས་བར་སྤེལ་རེས་ཐེབས་རྩ་ལྷན་ཚོགས་གཉིས་ཀྱིས་གྲོས་མོལ་བྱས་པ་དང་ཕན་ཚུན་བཏང་ཡིག་དང་གློག་འཕྲིན་སྤྲིངས་པ་བརྒྱུད་དེ་ཕྱོགས་སོ་སོས་ངག་ཐོག་ནས་མཚོ་འགག་ངོགས་གཉིས་ཀས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱ་རྒྱུའི་གཅིག་མཐུན་ལྟ་བ་ཞིབ་བརྗོད་བྱས་པ་རེད། རྗེས་སུ་དེ་ལ‘དགུ་གཉིས་གཅིག་མཐུན་ལྟ་བ’ཞེས་འབོད་པ་རེད"ཅེས་བརྗོད་པ་རེད།
           འབྲེལ་ཡོད་གནད་དོན་སྐོར་ལ་ལན་འདེབས་དུས། ཨན་ཧྥེང་ཧྲན་གྱིས་སྐམ་ས་ཆེན་པོའི་ཕྱོགས་ཀྱིས་གོ་གུང་ཏང་གཉིས་བར་གྱི་འབྲེལ་བར་སྐུལ་སྤེལ་ཧུར་ཐག་གཏོང་བའི་ཐད་འཛིན་པའི་ལངས་ཕྱོགས་དང་སྤྱོད་ཚུལ་སྔ་ཕྱི་བར་གསུམ་དུ་འགྱུར་མི་སྲིད། དེང་སྐབས་མཚོ་འགག་ངོགས་གཉིས་བར་གྱི་འབྲེལ་བའི་གནས་བབ་རྙོག་འཛིང་ཆེ་ལ་ཛ་དྲག་པོ་རེད། ང་ཚོས་གོ་མིན་ཏང་དང་མཉམ་དུ"དགུ་གཉིས་གཅིག་མཐུན་ལྟ་བ"མཐའ་འཁྱོངས་དང་། "ཐའེ་ཝན་རང་བཙན"ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞིའི་ཐོག་མུ་མཐུད་དེ་མཐུན་སྦྱོར་ཡོང་བར་རྒྱུན་འཁྱོངས་དང་། གྲོས་མོལ་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་མཚོ་འགག་ངོགས་གཉིས་བར་གྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་གཏོང་རྒྱུའི་ཁ་ཕྱོགས་ཡང་དག་པ་འཛིན་པ་དང་། མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླ་རྣམས་ཀྱི་བདེ་སྐྱིད་དང་མཛའ་བརྩེ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས་ཐུན་མོང་དུ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་འབད་པ་བྱེད་འདོད་ཡོད་ཅེས་བསྟན་པ་རེད།
          གསར་འགོད་པས་ཏང་གཉིས་ཀྱི་མཐོ་རིམ་བར་སྤེལ་རེས་ཀྱི་གོ་སྐབས་གནད་དོན་སྐོར་འདོན་དུས། ཨན་ཧྥེང་ཧྲན་གྱིས་ཏང་གཉིས་ཀྱི་འབྲེལ་ཡོད་ཕྱོགས་བར་སྔར་ནས་ད་བར་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་བཞིན་ཡོད། གཏན་འཁེལ་བའི་གནས་ཚུལ་ཡོད་ན་དུས་ཐོག་ཏུ་ཕྱི་ཕྱོགས་ལ་ཡོངས་བསྒྲགས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།