མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱལ་ཁབ་ཀྱི་གུན་གསབ་ཚད་གཞི་གསར་པ་ཡོངས་
བསྒྲགས་བྱས་ཏེ་སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་བཙན་གནོད་བྱས་ན་ཉིན་རེར་
སྒོར་258.89འཇལ་སྤྲོད་དགོས་ལུགས་བསྟན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་01ཉིན། 14:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་31ཉིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ཉེས་དོན་ཞུ་འབུལ་ཞིབ་དཔྱོད་ཐིང་གིས་བརྡ་སྦྱོར་བཏང་སྟེ་མི་དམངས་ཞིབ་དཔྱོད་ཁང་རིམ་པ་ཁག་གིས་རང་ཉིད་ནི་གུན་གསབ་འོས་འགན་ལས་ཁུངས་ཡིན་པའི་རྒྱལ་ཁབ་ཀྱི་ཀུན་གསབ་གྱོད་དོན་དོ་བདག་བྱེད་དུས། ཉིན་རེར་གུན་གསབ་ཚད་གཞི་གསར་པ་སྒོར་258.89ཡིན་པ་འདི་ཉིད་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
          ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ཉེས་དོན་ཞུ་འབུལ་ཞིབ་དཔྱོད་ཐིང་གི་འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པར་གཞིགས་ན། རྒྱལ་ཁབ་གུན་གསབ་ཁྲིམས་ལུགས་ཨང་33པའི་གཏན་འབེབས་སུ། "སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་བཙན་གནོད་བྱས་ན། ཉིན་རེའི་གུན་གསབ་དངུལ་གྱི་ཚད་གཞི་དེ་རྒྱལ་ཁབ་ཀྱི་ལོ་གོང་མའི་ལས་བྱེད་པའི་ཆ་སྙོམས་ལས་ཞུགས་གླ་ཕོགས་ལྟར་བརྩི་དགོས་ལུགས་"འཁོད་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་2017ལོའི་ཟླ་5ཚེས་27ཉིན་ཡོངས་བསྒྲགས་བྱས་གསལ་དུ། 2016ལོར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ། སྒེར་གཉེར་མ་ཡིན་པའི་ལས་ཁུངས་ཀྱི་ལས་ཞུགས་མི་སྣའི་ལོ་གཅིག་གི་ཆ་སྙོམས་གླ་ཕོགས་སྒོར་67569ཡིན་པ་རེད། གོང་གསལ་ཁྲིམས་ལུགས་ཀྱི་གཏན་འབེབས་དང་། བསྡོམས་རྩིས་ཀྱི་གཞི་གྲངས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་འདོན་སྤྲོད་བྱས་པའི་ཉིན་རེའི་ཆ་སྙོམས་གླ་ཕོགས་ཀྱི་རྩིས་རྒྱག་སྤྱི་འགྲོས་ལ་གཞིགས་ན། སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་བཙན་གནོད་བྱས་པར་གཏོགས་པའི་རྒྱལ་ཁབ་ཀྱི་གུན་གསབ་གྱོད་དོན་ལ།  ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ཉེས་དོན་ཞུ་འབུལ་ཞིབ་དཔྱོད་ཐིང་གིས་གུན་གསབ་ཚད་གཞི་གསར་པར་སྒོར་258.89ཡིན་པ་གཏན་འཁེལ་བྱས་པ་རེད། གཞན་ད་དུང་《ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཉེས་དོན་གུན་གསབ་ཀྱི་གྱོད་དོན་བདག་སྤྲོད་བྱེད་སྐབས་སྤྱད་ཆོག་པའི་ཁྲིམས་ལུགས་ཀྱི་གནད་དོན་འགའི་འགྲེལ་བཤད་ཀྱི་སྐོར་》ཞེས་པ་ཨང་21པའི་དོན་ཚན་གཉིས་པར་གཞིགས་ན། མི་དམངས་ཞིབ་དཔྱོད་ཁང་རིམ་པ་ཁག་གིས་2017ལོའི་ཟླ་5ཚེས་31ཉིན་ནས་བཟུང་ཉིན་རེའི་གུན་གསབ་ཚད་གཞི་གསར་པ་འདི་ཉིད་ལག་བསྟར་བྱེད་རྒྱུ་ཡིན་པ་རེད།