མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲང་ཁྲུན་ཤན་གྱིས་ཧྲན་ཤིས་སུ་བརྟག་ཞིབ་གནང་སྐབས་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་
ཀྱི་ཆབ་སྲིད་སྣེ་ཁྲིད་ནུས་པ་ཆེ་རུ་ཧུར་ཐག་གཏོང་དགོས་ཞེས་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་07ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་2ནས་5ཉིན་བར་དུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ། ཀྲུང་དབྱང་ཤིན་ཅང་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཀྲང་ཁྲུན་ཤན་ཧྲན་ཤིས་ཁྲང་ཀྲི་དང་ལུའི་ལིའང་སོགས་སུ་ཕེབས་ནས་གྲོང་གསེབ་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ་རེད།
          ཝུའུ་ཤང་རྫོང་ཀུའུ་ཤན་ཤང་གི་གྲོང་ཚོ་ལྔ་པ་དང་། ཕན་ལུང་གྲོང་རྡལ་གྱི་ཀྲོན་པི་གྲོང་ཚོ། ཧྥུན་དབྱང་གྲོང་ཁྱེར་ལི་ཅཱ་ཀྲོང་ཤང་གི་ལི་ཅཱ་ཀྲོང་གྲོང་ཚོ། ཅཱ་ཅཱ་ཀྲོང་གྲོང་རྡལ་གྱི་ཅཱ་ཅཱ་ཀྲོང་གྲོང་ཚོ་བཅས་སུ་ཀྲང་ཁྲུན་ཤན་གྱིས་ཏང་ཡོན་རྒན་གྲས་དང་ཞིང་དུད་དབུལ་པོར་འཚམས་འདྲི་གནང་བ་དང་སྦྲགས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་སྤེལ་རེས་རྒྱ་ཁྱབ་གནང་སྟེ། གཞི་རིམ་ཀྲི་པུའི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུལ་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་བྱེད་སྒོ་སྤེལ་བ་དང་། ཕྱོགས་མིའི་ཏང་ཡོན་དོ་དམ་བྱེད་པ། ཕྱུག་འགྱུར་ཐོན་ལས་འཕེལ་རྒྱས་གཏོང་བ། མང་ཚོགས་ལ་སློབ་གསོ་དྲིལ་བསྒྲགས་བྱེད་པ། མཉམ་སྡེབ་དཔལ་འབྱོར་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་སོགས་ཐད་ཀྱི་བྱེད་སྟངས་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཉམས་མྱོང་གཙོ་བོ་ནི་འགོ་ཁྲིད་ཀྱིས་སྣེ་ཁྲིད་རྒྱུ་དང་གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “འགག་རྩའི་ཉུང་ཤས”འབུར་དུ་ཐོན་པར་བྱེད་པ་མ་ཟད་རྒྱུན་ཆད་མེད་པར་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུ་དེ་ཡིན། གྲོང་གསེབ་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་སྣེ་ཁྲིད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཡང་འདོན་སྤེལ་ཡག་པོ་བྱེད་དགོས། མང་ཚོགས་སེམས་ལ་བཅངས་ཐོག་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱས་ནས་འགན་འཁུར་ཕོད་པ་དང་། རང་གཅུན་ནན་པོ། དུས་བསྟུན་འཕེལ་རྒྱས། སྙིང་རུས་གཏན་འཁྱོངས་བཅས་བྱས་ནས་མང་ཚོགས་ལ་མིག་དཔེ་དངོས་འབྲེལ་སྟོན་དགོས་ཞེས་གསུངས་པ་རེད།
          བརྟག་ཞིབ་གནང་རིང་། ཀྲང་ཁྲུན་ཤན་གྱིས་ད་དུང་གྲོང་གསེབ་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ། གྲོང་གསེབ་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་12ཀྱི་བསམ་འཆར་དང་གྲོས་འགོ་གསན་ཅིང་། ཁོང་གིས། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་སྣེ་ཁྲིད་ནུས་པ་ཆེ་རུ་ཧུར་ཐག་བཏང་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་ལས་འགན་ཨང་དང་པོར་བརྩིས་ཏེ“འདུ་ཤེས་བཞི”རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས་པ་དང་། གྲོང་ཚོ་དབུལ་པོའི་ཏང་རྩ་འཛུགས་ལ་སྣེ་ཁྲིད་པ་ཧྲག་པོ་བཀོད་སྒྲིག་བྱས་ཐོག་ཕྱུག་འགྱུར་ཐོན་ལས་ཡག་པོ་བདམས་ནས་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་ནུས་ཆེ་རུ་བཏང་སྟེ་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པ། གྲོང་གསེབ་གཞི་རིམ་གྱི་དངོས་ཡོད་དང་ཟུང་འབྲེལ་ཐོག“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་བསྒྱུར་རྒྱུ་དམ་འཛིན་ཡག་པོ་དང་། ལས་དོན་མཐའ་དག་ཀྲི་པུའུ་ལ་སྙན་སེང་ཞུ་བའི་སྟོན་ཕྱོགས་ཁ་གསལ་བཙུགས་ཏེ་ཕྱི་ཚུལ་ཅན་དང“སྣང་ཚུལ་གཉིས”ཐོན་རྒྱུ་གཏན་འགོག་བྱེད་དགོས་པ། གནས་ཚུལ་གསར་པ་དང་གནད་དོན་གསར་པར་ཞིབ་འཇུག་བྱ་རྒྱུར་སྣང་ཆེན་བྱས་ཐོག་གཞི་རིམ་གྱི་གསར་གཏོད་སྙིང་སྟོབས་ལ་བརྩི་མཐོང་བྱས་ནས་ཏང་འཛུགས་སྐྱོང་ལས་དོན་གྱི་འདུ་ཤེས་གསར་གཏོད་དང་། ལམ་སྲོལ་གསར་གཏོད། བྱེད་ཐབས་གསར་གཏོད་བཅས་ལ་དུས་བསྟུན་འཕེལ་རྒྱས་ངང་སྐུལ་འདེད་བཏང་ནས། གནད་དོན་དངོས་ཐག་གཅོད་བྱེད་རིང་གྲོང་གསེབ་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།