མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིང་ལས་ཁྱབ་ཁོངས་སུ་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་བྱེད་པའི་གཙོ་གནད་
ཆེན་པོ་དྲུག་གཏན་འཁེལ་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་08ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཉེ་ཆར་ནོར་སྲིད་པུའུ་དང་ཞིང་ལས་པུས་《ཞིང་ལས་ཁྱབ་ཁོངས་སུ་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》བཏོན་ཏེ་སྤྱི་ཚོགས་ཀྱི་མ་རྩ་ཞིང་ལས་ཁྱབ་ཁོངས་སུ་སྲིད་གཞུང་དང་སྤྱི་ཚོགས་མ་རྩའི་མཉམ་ལས་(PPP)བྱེད་པའི་རྣམ་གྲངས་མ་འཇོག་དང་། འཛུགས་སྐྲུན། གཉེར་སྐྱོང་བཅས་ནང་ཧུར་ཐག་ཞུགས་ནས་ཞིང་ལས་དང་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་གཏོང་བ་དང་། ཞིང་ལས་ཀྱི་མ་དངུལ་གཏོང་སྟངས་ལེགས་སུ་གཏོང་བ། ཞིང་ལས་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱེད་མགྱོགས་སུ་གཏོང་བ། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད་པ་རེད།
          བསམ་འཆར་ནང་སྤྱི་ཚོགས་ཀྱི་མ་རྩ་གཤམ་གྱི་ཞིང་ལས་ཀྱི་སྤྱི་པའི་ཐོན་རྫས་དང་ཞབས་ཞུའི་མཁོ་སྤྲོད་ནང་ཞུགས་རྒྱུར་གཙོ་གནད་ཐོག་ཁྲིད་སྟོན་དང་ལྕག་སྐུལ་བྱེད་དགོས་པ་ཁ་གསལ་བཏོན་ཡོད་པ་སྟེ།
           —— ཞིང་ལས་ལྗང་མདོག་འཕེལ་རྒྱས། སྒོ་ཕྱུགས་དང་ཁྱིམ་བྱའི་ལུད་ཐོན་ཁུངས་ལ་བསྒྱུར་ནས་བེད་སྤྱོད་དང་། ཞིང་ལས་སྐྱེ་དངོས་ཀྱི་སོག་མ་བེད་སྤྱོད། ཞིང་ལས་ཀྱི་འགྱིག་ཁེབས་རྙིང་པ་ཚུར་བསྡུ། ནད་ཀྱིས་ཤི་བའི་སྒོ་ཕྱུགས་དང་ཁྱིམ་བྱ་གནོད་མེད་ཐག་གཅོད། གཞི་ཁྱོན་ཅན་གྱི་རྫབ་རླངས་ལས་གྲྭ་ཆེ་གྲས་ལ་རྒྱབ་སྐྱོར་བཅས་བྱེད་དགོས།
        —— ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན། གཅིག་སྡུད་ཡུག་སྦྲེལ་དང་། ཐོན་འབབ་མཐོ་པོ་དང་བརྟན་པོ། སྣོད་བཅུད་མཐུན་འཕྲོད་ཀྱི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་། ས་ཞིང་ཁོད་སྙོམས་རྒྱུ་དང་། ས་རྒྱུ་ལེགས་གཏོང་དང་ལུད་རྒྱག་རྒྱུ། ཆུ་འདྲེན་དང་ཆུ་གཤོང་། ཞིང་ནང་ལམ་བུ། ས་ཞིང་སྲུང་སྐྱོང་དང་སྣོད་བཅུད་ཁོར་ཡུག་རྒྱུན་འཁྱོངས། ས་ཞིང་གི་གློག་གཏོང་གློག་སྒྱུར་སོགས་ཀྱི་ལས་གྲྭ་འཛུགས་སྐྲུན་ལ་རྒྱབ་སྐྱོར། རྨོ་ཞིང་བཅོས་སྒྲིག་ཉམས་གསོར་རྒྱབ་སྐྱོར་བཅས་བྱེད་དགོས།
          —— དེང་རབས་ཀྱི་ཞིང་ལས་ཐོན་ལས་གླིང་། གཞི་ཁྱོན་ཅན་གྱི་འདེབས་འཛུགས་དང་གསོ་ཚགས་རྟེན་གཞི་རྨང་གཞིར་བྱས་ཏེ“ཐོན་སྐྱེད་དང་། ལས་སྣོན། ཚན་རྩལ”བཅས་མཉམ་ལས་ལ་བརྟེན་ནས་དེང་རབས་ཐོན་སྐྱེད་ཀྱི་གནད་ཆེའི་རྒྱུ་རྐྱེན་ལ་དམིགས་པ་དང་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་ལ་དམིགས་དགོས།
         —— ས་ཞིང་དང་ལྡུམ་ར་ཕྱོགས་བསྡུས་ཅན། ཆ་རྐྱེན་འཛོམས་པའི་གྲོང་གསེབ་ཏུ་ཞིང་པའི་མཉམ་ལས་ཁང་གཞི་རྟེན་གཙོ་བོར་བྱས་ཏེ་ཞིང་པ་དེའི་ནང་གང་ལེགས་ཞུགས་ནས་ཕན་པ་ཐོབ་ཏུ་བཅུག་སྟེ་འཁོར་རྒྱུག་ཞིང་ལས་དང་། བསམ་བཀོད་ཞིང་ལས། ཞིང་ལས་ཉམས་ལེན་བཅས་གཅིག་ཏུ་འདུས་པའི་ས་ཞིང་དང་ལྡུམ་རའི་ཕྱོགས་བསྡུས་ཅན་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་དགོས།
         —— ཞིང་ལས་ཐོན་རྫས་ཟོག་འགྲེམས་དང་ཉོ་ཚོང་ལས་སྟེགས། ཞིང་ལས་ཐོན་ཟོག་ཉོ་ཚོང་ལྟེ་གནས་(ཁྲོམ་ར)དང་། ཐོན་སྐྱེད་རྒྱུ་ཆའི་ཉོ་ཚོང་ལས་སྟེགས། མཛོད་ཁང་དང་རྟེན་གཞིའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་ས་ཁོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤྱི་སྤྱོད་སྤུས་རྟགས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་དགོས།
          —— “དྲ་སྦྲེལ+”ཡི་དེང་རབས་ཞིང་ལས། ཆ་འཕྲིན་གྲོང་ཚོ་དང་དུད་ཚང་དུ་ཁྱབ་གདལ་གཏོང་བའི་འདུ་འགོད་དང་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ལས་སྟེགས་སོགས་འཛུགས་སྐྱོང་དང་གཉེར་སྐྱོང་ལ་རྒྱབ་སྐྱོར་བྱེད་དགོས།