མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།བློ་མཐུན་ལེའོ་ཅུན་པོར“རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་གཟི་བརྗིད་
མཚན་སྙན་རྗེས་སྤྲོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་08ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་3ཚེས་31ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཆེན་ནན་ཕིང་གྲོང་ཨུད་ཀྱི་དེ་སྔའི་རྒྱུན་ཨུ་དང་། ཧྲི་ཀྲང་གཞོན་པ། ཝུའུ་དབྱི་ཁུལ་གསར་གྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བློ་མཐུན་ལེའོ་ཅུན་པོའི་སྔོན་ཐོན་བྱས་རྗེས་ལ་མཛུབ་སྟོན་དང་ནན་བཤད་གལ་ཆེན་གནང་བ་སྟེ། བློ་མཐུན་ལེའོ་ཅུན་པོས་ལས་འགན་འཁུར་རིང་ཏང་གི་མངགས་བཅོལ་བློ་ལ་བརྟན་པོ་ངེས་ནས་རང་འགན་གཙང་སྒྲུབ་བྱེད་པ་དང་། ཡུལ་དེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་ནས་ལུས་ཚུགས་ཐུབ་པ་དང་དཀའ་སྤྱད་དངོས་སྒྲུབ་བྱས་པ་མ་ཟད། བྱ་སྤྱོད་ངོ་མའི་ཐོག་ནས་ཏང་ལ་ལྷག་བསམ་ཟོལ་མེད་བྱེད་པ་དང་། མང་ཚོགས་ལ་སེམས་ཁུར་བྱེད་པ། རང་དོན་རྒྱབ་བསྐྱུར་སྒོ་ནས་ལས་ཀ་སྒྲུབ་པ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་ཀྱི་ཕུལ་བྱུང་ཀུན་སྤྱོད་མཚོན་པར་བྱས་པས“རྒྱལ་ཡོངས་ཀྱི་ཕུལ་བྱུང་རྫོང་ཨུད་ཧྲུའུ་ཅིའི”མཚན་སྙན་ལ་ངོ་གནོང་མི་དགོས་པ་ཞིག་རེད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་བློ་མཐུན་ལེའོ་ཅུན་པོར་སློབ་སྦྱོང་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་ལས་དོན་ཏན་ཏིག་སྒྲུབ་པ་དང་། སྤྱོད་གཙང་རྣམ་དག་བྱེད་པ། ཉམས་ལེན་འབད་སྒྲུབ་བྱེད་པ་བཅས་ཀྱི་སྒོ་ནས་ཏང་གི་མཛད་ཕྱོགས་སྲིད་ཇུས་གཞི་རིམ་དང་མང་ཚོགས་ཁྲོད་དོན་འཁྱོལ་ཡོང་བ་དང་ཁ་ཞེ་གཉིས་མེད་ངང་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས།
           སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱ་ཆེད་དང་། སྔོན་ཐོན་ལ་གཟེངས་བསྟོད་བྱེད་པ་དང་། སྲོལ་བཟང་དར་སྤེལ་གཏོང་བ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སྔོན་ཐོན་ལ་མིག་དཔེ་ལྟ་བ་དང་ཕུལ་བྱུང་ལ་མིག་དཔེ་ལྟ་བར་ཁྲིད་སྟོན་བྱེད་པ། སེམས་ནུས་གཅིག་སྒྲིལ་དང་གསར་འབྱེད་འབད་འཐབ་བྱེད་པ། སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་བའི་ཁྲོད་གདོང་ལེན་དང་མིག་དཔེ་བྱེད་པ་བཅས་ཀྱི་ཆེད་དུ་ཏང་ཀྲུང་དབྱང་གིས་བློ་མཐུན་ལེའོ་ཅུན་པོར“རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་གཟི་བརྗིད་མཚན་སྙན་རྗེས་སྤྲོད་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
            ཏང་ཀྲུང་དབྱང་གིས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་བློ་མཐུན་ལེའོ་ཅུན་པོར་སློབ་སྦྱོང་བྱེད་དགོས་པ་སྟེ། བློ་མཐུན་ལེའོ་ཅུན་པོ་དང་འདྲ་བར་ཕུགས་བསམ་དང་དད་སེམས་བརྟན་པོ་བཅངས་ཏེ་ཏང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་ཏན་ཏིག་གཏོང་བ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་དད་སེམས་མི་འགྱུར་བ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་མི་འགྱུར་བ། ཆབ་སྲིད་ཀྱི་ཁ་ཕྱོགས་མ་འཁྱོག་པ་བཅས་བྱེད་དགོས། བློ་མཐུན་ལེའོ་ཅུན་པོ་དང་འདྲ་བར་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ལག་ལེན་བསྟར་ཏེ་ལྷག་བསམ་རྣམ་དག་ངང་མི་སེར་ལ་བདེ་སྐྱིད་བསྐྲུན་པ་དང་། ཐོག་མཐའ་བར་གསུམ་དུ་དབང་ཆ་དམངས་ཀྱི་ཆེད་དུ་སྤྱོད་པ་དང་། བརྩེ་བ་དམངས་ལ་འཆང་བ། དམངས་ཀྱི་ཆེད་དུ་ཁེ་ཕན་སྒྲུབ་པ་བཅས་བྱས་ཏེ་མང་ཚོགས་ལ་ཐོབ་ཚོར་དེ་བས་མང་བ་ཡོང་བ་བྱེད་དགོས། བློ་མཐུན་ལེའོ་ཅུན་པོ་དང་འདྲ་བར་ལུས་ཚུགས་ནས་དངོས་འཛིན་དངོས་སྒྲུབ་བྱེད་པ་དང་། འགན་འཁྲི་ཆེ་ཤོས་འཁུར་ཕོད་པ། དཀའ་ངལ་ཆེ་ཤོས་ཁྱད་བསད་ཐུབ་པ་དང་ཐོག་མཐའ་བར་གསུམ་དུ་འགན་འཁྲི་ཁུར་ཕོད་པ་དང་ལས་ཀ་བྱེད་ནུས་པ་བྱེད་པ། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཚོད་བགམ་ཐེག་ཐུབ་པའི་ལས་རྗེས་ཧུར་ཐག་གཏོད་པ་བཅས་བྱེད་དགོས། བློ་མཐུན་ལེའོ་ཅུན་པོ་དང་འདྲ་བར་དཔོན་སྤྱོད་གཙང་ཞིག་བྱེད་པ་དང་ལས་དྲང་པོ་དྲང་གཞག་སྒྲུབ་པ་དང་། རང་རྟོགས་ངང་གུང་ཁྲན་ཏང་མིའི་རིན་ཐང་ལྟ་བ་ལག་ལེན་བསྟར་བ། ཐོག་མཐའ་བར་གསུམ་དུ་རྒྱུ་རྔན་ཟས་གནོངས་མེད་ཅིང་བག་ཡོད་ཚུལ་དང་ལྡན་པ་ཞིག་བྱས་ནས་གུང་ཁྲན་ཏང་མིའི་བསམ་པའི་ཁྱིམ་གཞིས་བརྟན་སྲུང་བྱེད་དགོས་པ་བཅས་ཀྱི་འབོད་སྐུལ་བྱས་པ་རེད།