མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ན་ཀྲའར་པ་ཡེ་ཕུའུ་ཡིས་《མཛེས་སྡུག་ལྡན་པའི་ཀྲུང་གོ མཛེས་སྡུག་ལྡན་པའི་
ཧ་སག་སི་ཐན—དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་དང“འོད་ཟེར་ལྡན་པའི་
ལམ་བུ”སྦྲེལ་མཐུད་ཀྱི་རླབས་ཆེན་ལག་ལེན་》གྱི་བརྙན་པར་
དེབ་དཔེ་སྐྲུན་བྱས་པར་ཤིས་ཚིག་གསུངས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་08ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། 2017ལོ་ནི་ཀྲུང་གོ་དང་ཧ་སག་སི་ཐན་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་25སོང་བའི་ལོ་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲའར་པ་ཡེ་ཕུའུ་ཡིས་ཁག་སོ་སོར་《མཛེས་སྡུག་ལྡན་པའི་ཀྲུང་གོ མཛེས་སྡུག་ལྡན་པའི་ཧ་སག་སི་ཐན—དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་དང“འོད་ཟེར་ལྡན་པའི་ལམ་བུ”སྦྲེལ་མཐུད་ཀྱི་རླབས་ཆེན་ལག་ལེན་》གྱི་བརྙན་པར་དེབ་དཔེ་སྐྲུན་བྱས་པར་ཤིས་ཚིག་གསུངས་པ་རེད།
          ཞི་ཅིན་ཕིང་གིས་ཤིས་ཚིག་གསུངས་སྐབས་2017ལོ་ནི་ཀྲུང་གོ་དང་ཧ་སག་སི་ཐན་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་25སོང་བའི་ལོ་ཞིག་ཡིན་པ་དང་། ཧ་སག་སི་ཐན་གྱིས“ཀྲུང་གོའི་ཡུལ་སྐོར་ལོ”ཐོག་མར་གཉེར་བ་དང་། ཀྲུང་གོ་དང་ཧ་སག་སི་ཐན་མཉམ་ལས་ཐོག་《མཛེས་སྡུག་ལྡན་པའི་ཀྲུང་གོ མཛེས་སྡུག་ལྡན་པའི་ཧ་སག་སི་ཐན་》གྱི་བརྙན་པར་དེབ་དཔེ་སྐྲུན་བྱས་ནས་འཛམ་གླིང་ཡོངས་སུ་རྒྱལ་ཁབ་གཉིས་པོའི་ཡིད་དབང་འཕྲོག་པའི་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་ངོམས་སྟོན་བྱས་ཏེ་ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་མཚོན་པར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧ་སག་སི་ཐན་ནི་གནའ་བོའི་དར་གོས་ལམ་བུའི་ཐོག་གི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཤེས་དཔལ་སྤེལ་རེས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོ་དང་ཧ་སག་སི་ཐན་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་25སོང་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་། ཕྱོགས་གཉིས་པོའི་མཐོ་རིམ་འགྲོ་འོང་དམ་ཟབ་དང་། ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་སྲ་བརྟན། དངོས་སྒྲུབ་མཉམ་ལས་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཐོག་སྐྱོད་བཞིན་ཡོད་ཅེས་བསྟན་གནང་བ་རེད།
          ཞི་ཅིན་ཕིང་གིས་2016ལོར་ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་《དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་འཛུགས་སྐྲུན་དང“འོད་ཟེར་ལྡན་པའི་ལམ་བུའི”དཔལ་འབྱོར་གྱི་སྲིད་ཇུས་གསར་པ་སྦྲེལ་མཐུད་མཉམ་ལས་སྐོར་གྱི་འཆར་འགོད་》ལ་མིང་རྟགས་བཀོད་པ་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་དམིགས་ནས་མཉམ་ལས་ཧུར་ཐག་བྱས་པ་དེས་གནའ་བོའི་དར་གོས་ལམ་བུར་གསོན་ཤུགས་གསར་པ་འཕེལ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ཡོད་ཅེས་བསྟན་གནང་བ་རེད།
          ཞི་ཅིན་ཕིང་གིས་ཧ་སག་མི་རིགས་ཀྱིས“ལོ་25ལ་སླེབས་སྐབས་མེ་ལྕེ་འབར་བ་ལྟར་གྱི་ལང་ཚོ་དར་ལ་བབས་པའི་དུས་ཡིན”ཞེས་བརྗོད་ཀྱི་ཡོད། ང་ཚོས་ཀྲུང་གོ་དང་ཧ་སག་སི་ཐན་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་25འཁོར་བ་དེ་གོ་སྐབས་སུ་བརྩིས་ནས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་སྲོལ་རྒྱུན་གྱི་མཛའ་གྲོགས་དར་སྤེལ་བཏང་སྟེ་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་ཞེས་བསྟན་གནང་བ་རེད།
          ན་ཀྲའར་པ་ཡེ་ཕུའུ་ཡིས་ཤིས་ཚིག་གསུངས་སྐབས། གོ་ལ་ཧྲིལ་པོ་ཅན་འཕེལ་རྒྱས་མྱུར་པོ་འགྲོ་བའི་དེང་གི་དུས་འདིར་གནའ་བོའི་དར་གོས་ལམ་བུ་སླར་ཡང་མི་རྣམས་ཀྱི་མིག་ལམ་དུ་འཆར་བཞིན་ཡོད། ཀྲུང་གོས་བཏོན་པའི་དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་མཉམ་དུ་སྐྲུན་རྒྱུའི་གྲོས་འགོ་དང་ཧ་སག་སི་ཐན་གྱིས་ད་ལྟ་ཁྱབ་གདལ་གཏོང་བཞིན་པའི“འོད་ཟེར་ལྡན་པའི་ལམ་བུའི”དཔལ་འབྱོར་གྱི་འཆར་འགོད་གསར་པས་ཡོ་རོབ་དང་གླིང་ཆེན་ཨེ་ཤེ་ཡའི་སྐམ་སའི་ཐོག་ལོ་རྒྱུས་རིང་ལ་རླབས་ཆེ་བའི་ཚོང་དོན་ལམ་བུ་དེར་གསོན་ཤུགས་གསར་པ་འཕེལ་ངེས་རེད་ཅེས་གསུངས་པ་རེད།
          ན་ཀྲའར་པ་ཡེ་ཕུའུ་ཡིས་2017ལོའི་ཧ་སག་སི་ཐན་གྱི“ཀྲུང་གོའི་ཡུལ་སྐོར་ལོ”ཡིས་རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་རྒྱུས་མངའ་ལོན་ཤུགས་སྔར་བས་ཆེ་རུ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་དབར་གྱི་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་ཏུ་འགྲོ་ངེས་རེད། དར་གོས་ལམ་བུ་བསྐྱར་གསོ་བྱ་ཆེད་ཆེད་མངགས་བཟོས་པའི་བརྙན་པར་དེབ་དེ་ནི་ཧ་སག་སི་ཐན་དང་ཀྲུང་གོ་རང་སོ་སོའི་གྲུབ་འབྲས་སྟོན་པའི་མཚར་སྡུག་བཀྲ་བའི་རི་མོ་ཞིག་ཡིན་ཞེས་བསྟན་གནང་བ་རེད།
          བརྙན་པར་དེབ་དེ་ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་མི་དམངས་པར་རིས་ཚགས་པར་དང་ཧ་སག་སི་ཐན་རྒྱལ་སྤྱིའི་འཕྲིན་སྤེལ་ཁང་གིས་མཉམ་དུ་དཔེ་སྐྲུན་བྱས་པ་དང་། ཟླ་6ཚེས་6ཉིན་ཧ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐ་ནར་པར་ཕུད་འགྲེམས་སྤེལ་གྱི་མཛད་སྒོ་གཉེར་བ་རེད། བརྙན་པར་དེབ་ནང་ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་པོའི་པར་རྒྱག་མཁས་ཅན་གྱིས་བླངས་པའི་པར་རིས་200ལྷག་ཙམ་བདམས་ཡོད་པ་དེས་ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་པོའི་རང་བྱུང་ལོ་རྒྱུས་ཀྱི་མཛེས་ལྗོངས་དང་རི་ཆུ་གཅིག་ཏུ་འབྲེལ་བའི་རྣམ་པ་དང་དེ་བཞིན་དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་དང“འོད་ཟེར་ལྡན་པའི་ལམ་བུ”སྦྲེལ་མཐུད་ཀྱི་ཀྲུང་གོ་དང་ཧ་སག་སི་ཐན་མཉམ་ལས་བྱས་པའི་གྲུབ་འབྲས་བསྟན་ཡོད།