མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རིག་གནས་པུའུ་ནོར་སྲིད་པུའུ་བཅས་ཀྱིས་ལག་བསྟར་ཇུས་
གཞི་བཏོན་ནས་ཞིང་པས་ཟློས་གར་ལྟ་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་08ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། རིག་གནས་པུའུ། ནོར་སྲིད་པུའུ་བཅས་ཀྱིས་ཉེ་དུས་མཉམ་དུ་《ཟློས་གར་གྲོང་གསེབ་ཏུ་འཁྲབ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི་》པར་འགྲེམས་བྱས་པའི་ནང་། 2020ལོར་སླེབས་སྐབས་རྒྱལ་ཡོངས་ཁྱབ་ཁོངས་སུ་ཟློས་གར་གྲོང་གསེབ་ཏུ་འཁྲབ་རྒྱུ་ལམ་ལུགས་ཅན་དང་། རྒྱུན་རྣམ་ཅན། ཁྱབ་གདལ་ཅན་བཅས་སུ་འགྱུར་བ་བྱས་ནས། གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་སྤྱི་འབོར་མང་དུ་བཏང་ཐོག་ཞིང་པས་ཟློས་གར་ལྟ་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པ་མ་ཟད། སྲིད་གཞུང་དང་། ཁྲོམ་ར། སྤྱི་ཚོགས་བཅས་ཀྱིས་གྲོང་གསེབ་རིག་གནས་འཛུགས་སྐྱོང་ལ་མཉམ་དུ་སྐུལ་སྤེལ་གཏོང་བའི་རྣམ་པ་བཟང་པོ་ཆགས་པ་བྱ་རྒྱུ་ཡིན་ཚུལ་འཁོད་ཡོད་པ་རེད།
          རིག་གནས་པུའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས། ཟློས་གར་གྲོང་གསེབ་ཏུ་འཁྲབ་པའི་ལས་དོན་སྤེལ་རྒྱུ་ནི་དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་སྐྲུན་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་འཕེལ་རྒྱས་འདུ་འགོད་ལག་ལེན་བསྟར་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུའི་མཛུབ་ཁྲིད་ཚད་གཞིས“ས་གནས་སུ་ཟློས་གར་འཁྲབ་རྒྱུ”དེ་གཞི་རྩའི་ཞབས་ཞུའི་རྣམ་གྲངས་ནང་འཇུག་རྒྱུ་ཡིན་པ་རེད། 《ལག་བསྟར་ཇུས་གཞི་》པར་འགྲེམས་བྱས་པ་དེས་ཟློས་གར་སྒྱུ་རྩལ་གྲོང་གསེབ་ཁུལ་དུ་བརྒྱུད་སྤེལ་དང་རྒྱུན་འཛིན་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་དང་། རིག་གནས་ཐོན་ཁུངས་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད། རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱིས་སྤྱི་པའི་རིག་གནས་ཞབས་ཞུའི་ཐོབ་ཚོར་ཟབ་ཏུ་གཏོང་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།
         《ལག་བསྟར་ཇུས་གཞིའི་》ནང་། ཟློས་གར་གྲོང་གསེབ་ཏུ་འཁྲབ་པའི་ནང་ཞུགས་མཁན་དང་རྣམ་པ་གཙོ་བོ་ཁ་གསལ་བཟོས་ཡོད། རྫོང་གིས་གཞི་རྩའི་ཚན་པ་བྱས་ནས་རིམ་ཁག་དང་རིགས་ཁག་གི་ཟློས་གར་ཚོགས་པ་གཞི་རིམ་དུ་ཟབ་སྐྱོད་བྱ་རྒྱུ་སྒྲིག་འཛུགས་བྱེད་པ་དང་གཞི་རིམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུའི་ལྟེ་གནས་ཀྱི་རིག་རྩལ་ཐང་ཆེན་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཐང་ཆེན་ལ་བརྟེན་ནས། ཟློས་གར་འཁྲབ་སྟོན་གཙོ་བོ་བྱེད་པ་དང་དུས་མཚུངས་རྣམ་པ་སྣ་ཚོགས་ཀྱི་ཟློས་གར་མྱོང་རོལ་དང་། ཟློས་གར་གྱི་ཤེས་བྱ་འཆད་ཁྲིད། མི་སྣ་གྲགས་ཅན་གྲོང་གསེབ་ཏུ་སྐྱོད་པ་སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཐོག བརྒྱུད་རོགས་ཁྲིད་གསུམ་གྱི་ནུས་པ་འདོན་སྤེལ་གྱིས་གྲོང་གསེབ་ཀྱི་ཟློས་གར་ཚོགས་པ་སྐྱེད་སྲིང་བྱས་ཏེ་ཞིང་པ་ཚོས་ཐབས་ལམ་མང་པོའི་ཐོག་ནས་ཟློས་གར་མྱོང་རོལ་དང་ཟློས་གར་ཞབས་ཞུ་ལོངས་སྤྱོད་བྱེད་དུ་བཅུག་ནས། རྒྱ་ཆེའི་གྲོང་གསེབ་ཁུལ་དུ་ཟློས་གར་སྒྱུ་རྩལ་ཁྱབ་གདལ་དང་རྒྱུན་འཛིན་ཏན་ཏིག་ཐུབ་པ་བྱེད་དགོས་ཚུལ་བཏོན་ཡོད།