མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སློབ་གསོའི་པུའུ་ཀྲང་གིས་རྒྱུགས་རར་གཡོ་ཐབས་བྱེད་མཁན་ལ་རྡུང་རྡེག་ཚ་ནན་མཐའ་གཅིག་
ཏུ་གཏོང་རྒྱུ་ཡིན་ཞེས་བསྟན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་08ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། སློབ་གསོ་པུའུ་ཡི་དྲ་ཚིགས་སུ་སྤེལ་བའི་གནས་འཕྲིན་ལྟར་ན། ཟླ་6ཚེས་7ཉིན་ནི་2017ལོའི་མཐོ་རྒྱུགས་ཀྱི་ཉིན་དང་པོ་ཡིན་པ་རེད། ཡིག་རྒྱུགས་དངོས་སུ་འགོ་མ་བརྩམ་གོང་ལ། སློབ་གསོ་པུའི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཁྲེང་པའོ་ཧྲེང་གིས་སློབ་གསོ་པུའུ་ཡི་རྒྱལ་ཁབ་སློབ་གསོ་ཡིག་རྒྱུགས་ལས་དོན་བཀོད་འདོམས་ལྟེ་གནས་སུ་ཕེབས་ཏེ་མཐོ་རྒྱུགས་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་གནང་བ་རེད།
           ཁྲེང་པའོ་ཧྲེང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཐོ་རྒྱུགས་ལས་དོན་ལ་ཧ་ཅང་མཐོང་ཆེན་གནང་བཞིན་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཙུང་ལི་ལི་ཁེ་ཆང་གིས་བཀའ་སློབ་དང་མཆན་བཀོད་སློབ་སྟོན་གལ་ཆེན་ཐེངས་མང་གནང་ཞིང་། ཙུང་ལི་གཞོན་པ་ལིའུ་ཡཱན་ཏུང་གིས་ད་ལོའི་མཐོ་རྒྱུགས་ལས་དོན་ཡག་པོ་བསྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད། ས་གནས་ཁག་དང་ལས་ཁུངས་ཁག་གིས་མུ་མཐུད་ནས་དཔའ་ངར་ཆེར་བསྐྱེད་ཀྱི་སྙིང་སྟོབས་དང་བློ་སྟོབས་བཅངས་ནས། ལས་དོན་ལ་སྣོན་ཤུགས་དང་ལས་ཕྱོད་གཅིག་བསྡུས་ངང་བདེ་འཇགས་མཐོ་རྒྱུགས་ཀྱི་འགག་སྒྲོལ་དམག་འཐབ་འདི་ཉིད་ལ་རྒྱལ་ཁ་ལེན་དགོས་པའི་བླང་བྱ་བཏོན་གནང་བ་རེད།
          ཁྲེང་པའོ་ཧྲེང་གིས་བརྙན་རིས་སྐོར་བཤེར་མ་ལག་བརྒྱུད་ནས་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་རྒྱུགས་ཤོག་གསང་རྒྱ་ཁང་དང་། རྒྱུགས་ར། རྒྱུགས་གནས་ཉེ་འཁོར་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་གནང་བ་དང་། སློབ་གསོ་པུའུ་ཡིག་རྒྱུགས་ལྟེ་གནས་དང་། ཅི་ལིན། ཅང་ཞི། ཧོ་ནན། སི་ཁྲོན། ཀུའེ་ཀྲོའུ། ཞིན་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་དྲུག་གི་མཐོ་རྒྱུགས་གྲ་སྒྲིག་ལས་དོན་གྱི་གནས་ཚུལ་སྙན་སྒྲོན་གསན་པ་མ་ཟད། མཐོ་རྒྱུགས་བདེ་སྲུང་ལས་རེས་ལས་བྱེད་མི་སྣར་འཚམས་འདྲིའང་གནང་བ་རེད།
         ཁྲེང་པའོ་ཧྲེང་གིས་བདེ་འཇགས་མཐོ་རྒྱུགས་འགན་སྲུང་བྱེད་པར་བླང་བྱ་བཞི་བཏོན་ཡོད་དེ། གཅིག་ནི་བྱ་ཐབས་ནན་པོར་སྤྱད་ནས་རྒྱུགས་ལེན་བདེ་འཇགས་འགན་སྲུང་བྱེད་དགོས། བདེ་འཇགས་ནི་བླང་བྱ་དང་པོ་ཡིན་པ་དང་། འགན་ཁུར་དོན་འཁྱོལ་བྱས་ཏེ་ཕྱོགས་ཡོངས་ནས་ལྟ་ཞིབ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱུགས་ཤོག་གི་ནང་དོན་བདེ་འཇགས་དང་རྒྱུགས་གཏོང་གོ་རིམ་གྱི་བདེ་འཇགས་འགན་སྲུང་བྱེད་དགོས་པ་རེད། གཉིས་ནི་བྱ་ཐབས་ནན་ཤོས་སྤྱད་དེ་རྒྱུགས་རའི་གཡོ་ཐབས་ལ་རྡུང་རྡེག་གཏོང་བ་དང་། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་འཛིན་བཟུང་དང་དོ་དམ། མཉམ་འགོག་མཉམ་སྡོམ་བྱས་ནས་རྒྱུགས་རའི་སྒོ་རྩ་ནས་ཞིབ་བཤེར་ལེགས་པོར་བྱེད་པ་དང་། རྒྱུགས་རའི་ལམ་སྲོལ་དང་སྒྲིག་ཁྲིམས་གཙང་མར་བཟོས་ནས་མཐོ་རིམ་ཚན་རྩལ་གྱི་གཡོ་ཐབས་དང་ཚོགས་པའི་གཡོ་ཐབས་ཀྱི་བྱས་ཉེས་དང་བྱ་སྤྱོད་འགོག་སྡོམ་བྱེད་དགོས་པ་རེད། གསུམ་ནི་ཀུན་སྤྱོད་ནན་ཤོས་ལ་བརྟེན་ནས་རྒྱུགས་ཞུགས་སློབ་མའི་ཞབས་ཞུ་ཇེ་ལེགས་སུ་གཏོང་བ། རྒྱུགས་ཞུགས་སློབ་མར་རྒྱུགས་ར་ནས་ཞབས་ཞུ་སྟབས་བདེ་དང་དབང་པོ་སྐྱོན་ཅན་སློབ་མ་སོགས་ཀྱི་དཀའ་ངལ་ལ་ཐུགས་ཁུར་ཤུགས་ཆེན་བྱེད་དགོས། འབྲེལ་ཡོད་ས་གནས་ཀྱིས་བྱེད་ཐབས་ཏན་ཏིག་སྤྱད་ནས་གནམ་གཤིས་ཧ་ཞན་པའི་དབང་གིས་རྒྱུགས་གཏོང་ལ་ཤུགས་རྐྱེན་མི་ཐབས་པར་བྱེད་དགོས་པ་རེད། བཞི་ནི་གོ་རིམ་དམ་ཤོས་ལ་བརྟེན་ནས་རྒྱུགས་ཤོག་ལྟ་བཤེར་དང་སློབ་མ་བསྡུ་ལེན་བྱེད་པ། ས་གནས་ཁག་གི་སློབ་གསོ་སྡེ་ཁག་དང་ཡིག་རྒྱུགས་སྡེ་ཚན་གྱིས་སྔ་མོ་ནས་བཀོད་སྒྲིག་བྱས་ཏེ་རྒྱུགས་ཤོག་ལ་ལྟ་བཤེར་འདྲ་མཉམ་དང་། བདེ་འཇགས། ཚན་རིག ལུགས་མཐུན། ཡང་དག་བཅས་བྱས་ནས་སློབ་མ་དང་། ཁྱིམ་བདག སྤྱི་ཚོགས་བཅས་བློ་བདེ་ཡོང་བར་བྱེད་དགོས་པ་རེད།
           ཁྲེང་པའོ་ཧྲེང་གིས་2017ལོའི་མཐོ་རྒྱུགས་ལ་ཞུགས་པའི་རྒྱལ་ཡོངས་ཀྱི་སློབ་མ་ཁྲི་940ཡོད་པ་ཚང་མས་ནན་ཏན་དང་། གཅིག་སྒྲིལ། ཞིབ་ཚགས་ངང་མཐོ་རྒྱུགས་ལ་ཞུགས་པ་དང་། བློ་བདེ་དང་བག་ཕེབས་ངང་ཡིག་རྒྱུགས་བཏང་སྟེ་རྒྱུགས་འབྲས་ལེགས་པོ་བླངས་ནས་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་རེ་ཡོད་ཅེས་བརྗོད་པ་རེད།
          སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ་ལིན་ཧུའེ་ཆིན་ཡང་ཞིབ་བཤེར་ཕེབས་རོགས་སུ་བཅར་ཡོད་པ་རེད།