མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་ཅཱ་ཉི་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་11ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་8ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོང་ཁྱེར་ཨ་སི་ཐ་ནར་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་ཅཱ་ཉི་དང་མཇལ་འཛོམས་གནང་བ་རེད། 
          ཞི་ཅིན་ཕིང་གིས་ཀྲུང་ཨའི་འབྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་ཡག་པོ་རྒྱུན་འཁྱོངས་ཐུབ་ཡོད། རྒྱལ་ཁབ་གཉིས་པོའི་རིམ་པ་ཁག་དབར་འགྲོ་འོང་ཐེངས་མང་བྱེད་པ་དང་། དཔལ་འབྱོར་ཚོང་དོན་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་དུ་གཏོད་རྒྱུར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཀྲུང་ཨ་ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་ཐད་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་རྒྱལ་ཁབ་གཉིས་པོའི་རིམ་པ་ཁག་དབར་སྤེལ་རེས་དང་ཕན་ཚུན་འཚམས་འདྲི་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། 《“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་བསམ་ཤེས་དྲན་ཐོ་》སོགས་དངོས་སྒྲུབ་མཉམ་ལས་གྲོས་མཐུན་དོན་འཁྱོལ་ཧུར་ཐག་བྱེད་པ་དང“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་ནང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་བྱས་ནས་ཀྲུང་ཨའི་ཕན་ཚུན་སྦྲེལ་མཐུད་རྣམ་གྲངས་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་འཇིགས་སྐུལ་ལ་ངོ་རྒོལ་དང་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཀྲུང་གོས་ཨ་ཧྥུ་ཀ་ནི་སི་ཐན་སྲིད་གཞུང་ལ་རྒྱལ་ནང་གི་བདེ་འཇགས་སྲུང་སྐྱོང་ཐད་རྒྱབ་སྐྱོར་བྱས་ནས་ཨ་ཧྥུ་ཀ་ནི་སི་ཐན་ཕྱོགས་ལ་འབྲེལ་ཡོད་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་མུ་མཐུད་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད། 
          ཞི་ཅིན་ཕིང་གིས་ཀྲུང་གོས་ཨ་ཧྥུ་ཀ་ནི་སི་ཐན་ལ་འཛིན་པའི་མཛའ་མཐུན་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཞི་བདེ་བསྐྱར་སྐྲུན་དང་མཐུན་འགྲིག་འཕེལ་རིམ་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་དང་། ཨ་ཧྥུ་ཀ་ནི་སི་ཐན་གྱིས་ས་ཁུལ་གྱི་དཔལ་འབྱོར་མཉམ་འདྲེས་དང་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་མཛུབ་སྟོན་གནང་བ་རེད།