མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་11ཉིན། 15:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

             མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་རུ་ཨུ་རུ་སུའི་ཙུང་ཐུང་ཕུང་ཅིང་དང་མཇལ་འཛོམས་གནང་བ་རེད།
           ཞི་ཅིན་ཕིང་གིས་མི་རིང་བའི་གོང་། ང་དང་ཙུང་ཐུང་ཕུའུ་ཅིང་གཉིས་པོ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་རིང་ཐུག་འཕྲད་བྱུང་ནས་ཀྲུང་གོ་དང་ཨུ་རུ་སུའི་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་བས་ཆུ་ཚད་མཐོ་བའི་ཐོག་རྒྱུན་འཁྱོངས་དང་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་གྲུབ་ཡོད། མིག་སྔའི་རྙོག་འཛིང་ཆེ་ཞིང་འགྱུར་བ་མང་བའི་རྒྱལ་སྤྱིའི་དུས་བབ་འོག ཀྲུང་གོ་དང་ཨུ་རུ་སུའི་དབར་གྱི་འབྲེལ་བ་གོང་འཕེལ་ཡག་པོ་བྱུང་བ་དེས་ཀྲུང་གོ་དང་ཨུ་རུ་སུ་ཁག་སོ་སོ་དར་རྒྱས་གོང་འཕེལ་དང་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ཡོང་རྒྱུ་ཚང་མར་གལ་འགངས་ཆེན་པོ་ལྡན་ཡོད། ཕྱོགས་གཉིས་པོས་ཕན་ཚུན་གྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུ་དེ་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་དང་སྦྲེལ་མཐུད་བྱ་རྒྱུར་གྲུབ་འབྲས་དངོས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་དང་དམངས་སེམས་མཐུན་པ་བྱས་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱེད་དགོས་ཞེས་གསུངས་པ་རེད།
           ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་འཕེལ་རྒྱས་ཀྱི་གོ་སྐབས་དང་འགྲན་སློང་གསར་པ་འཕྲད་བཞིན་ཡོད། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོས་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས“ཧྲང་ཧའེ་ཡི་སྙིང་དོན”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་། ཁོངས་མིའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་གཞོགས་འདེགས་སྲ་བརྟན་དུ་གཏོང་བ། ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ། དངོས་སྒྲུབ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་ཨ་ཧྥུ་ཀ་ནི་སི་ཐན་རྒྱལ་ནང་གི་ཞི་བདེ་དང་མཐུན་འགྲིག་ཡོང་བའི་འཕེལ་རིམ་ནང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ནུས་པ་དེ་བས་མང་བ་འདོན་སྤེལ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་སི་ཐ་ན་དབུ་ཚོགས་འཚོགས་རྗེས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་པས་ཨུ་རུ་སུ་ཕྱོགས་ཚུད་པའི་ཕྱོགས་ཁག་དང་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་གསར་པའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
           ཕུའུ་ཅིང་གིས་ཨུ་རུ་སུ་དང་ཀྲུང་གོའི་དབར་མཐོ་རིམ་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱ་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་ཡིན། མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཐད། ཨུ་རུ་སུ་དང་ཀྲུང་གོས་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། བདེ་འཇགས་བཅས་སྲུང་སྐྱོང་བྱེད་དགོས། ཨུ་རུ་སུ་དང་ཀྲུང་གོས་འབྲེལ་ཡོད་ཕྱོགས་ཁག་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་དབར་མཐུན་སྒྲིལ་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྤྱིའི་ལས་དོན་ཁྲོད་རྩ་འཛུགས་དེས་ཤུགས་རྐྱེན་དེ་བས་ཆེ་བ་ཐེབས་རྒྱུར་སྐུལ་འདེད་གཏོང་དགོས། ཕུའུ་ཅིང་གིས་ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་གྲུབ་འབྲས་ཐོབ་པའི་ངང་འཚོགས་པར་སླར་ཡང་རྟེན་འབྲེལ་ཞུས་པ་དང་འབྲེལ། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པ་དེར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་རྒྱ་ཁྱབ་ངང་ཐོབ་ཡོད་ཅེས་གསུངས་པ་རེད།
            རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ཨ་ཧྥུ་ཀ་ནི་སི་ཐན་དང་ཁྲའོ་ཞན་ཕྱེད་གླེང་གི་དུས་བབ་སོགས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད།