མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དམངས་སྲིད་པུས་བྱེད་ཐབས་བཞི་བཏོན་ནས“ཡུལ་གྱི་བཙན་པོ”དང་ཆོས་ལུགས་ཀྱི་
གདུག་རྩུབ་ཅན་འགོག་བཅོས་བྱེད་དགོས་ཞེས་བརྗོད་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་15ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་13ཉིན། དམངས་སྲིད་པུའི་པུའུ་ཀྲང་གཞོན་པ་ཀུའུ་ཁྲའོ་ཤིས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཉེ་དུས་ས་ཆ་འགར“ཡུལ་གྱི་བཙན་པོ”དང་ཆོས་ལུགས་ཀྱི་གདུག་རྩུབ་ཅན་གྱིས་ཁྲིམས་མེད་ལུགས་མེད་བྱེད་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་དམངས་སྲིད་སྡེ་ཚན་གྱིས་སྡེ་ཚན་མང་པོ་དང་མཉམ་དུ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱིས་མཉམ་ཤུགས་ཤིག་ཆགས་པ་བྱས་ཏེ་བྱེད་ཐབས་བཞིའི་ཐོག་ནས“ཡུལ་གྱི་བཙན་པོ”དང་ཆོས་ལུགས་ཀྱི་གདུག་རྩུབ་ཅན་འགོག་བཅོས་བྱེད་དགོས་ཞེས་བརྗོད་པ་རེད།
          ཀུའུ་ཁྲའོ་ཤིས་ཀྱིས“ཡུལ་གྱི་བཙན་པོ”དང་ཆོས་ལུགས་ཀྱི་གདུག་རྩུབ་ཅན་གྱི་གནད་དོན་ཐག་གཅོད་བྱེད་པར་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་འགན་གཙང་སྒྲུབ་དང་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཐོག་ནས་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས། དམངས་སྲིད་པུས་ཉེ་ཆར་པར་འགྲེམས་བྱས་པའི་《གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་ལ་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་》གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པའི་ཁར་སྡེ་ཚན་མཐུན་སྦྱོར་དང་། ཕྱོགས་ཁག་གཞོགས་འདེགས། རྩ་ལག་མཉམ་བཅོས། རྡུང་རྡེག་དང་སྔོན་འགོག་ཟུང་འབྲེལ་བཅས་བྱ་རྒྱུའི་ལས་ཀའི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ། གྲོང་གསེབ་སྡེ་ཁུལ་གྱི་བཅོས་སྐྱོང་ལ་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་གཏོང་བའི་ཁྲོད“ཡུལ་གྱི་བཙན་པོ”དང་ཆོས་ལུགས་ཀྱི་གདུག་རྩུབ་ཅན་འགོག་བཅོས་ནུས་ལྡན་བྱེད་དགོས། དེའི་ཐད་ཞིབ་ཕྲའི་བྱེད་ཐབས་བཞི་འདོན་རྒྱུ་སྟེ།
         གཅིག་ནས་གྲོང་ཚོ་ཨུ་ལྷན་གྱི་སྐབས་བརྗེའི་འདེམས་བསྐོའི་མཛུབ་ཁྲིད་ལྟ་སྐུལ་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། ས་ཁུལ་ཁག་གིས་དོན་དངོས་དང་ཟུང་དུ་འབྲེལ་ནས་གྲོང་ཚོ་ཨུ་ལྷན་གྱི་ཁོངས་མིའི་བདམ་བྱའི་འོས་མིའི་ཐོབ་ཐང་ཆ་རྐྱེན་བཟོ་རྒྱུར་མཛུབ་ཁྲིད་བྱས་ཏེ་ཞིང་པ་མང་ཚོགས་རྣམས་ཀྱིས“ཡུལ་གྱི་བཙན་པོ”དང་ཆོས་ལུགས་ཀྱི་གདུག་རྩུབ་ཅན་བདམ་བྱའི་འོས་མིར་བདམ་རྒྱུ་མཐའ་གཅིག་ཏུ་འགོག་པ་དང་མེད་པ་བཟོ་བར་ཁྲིད་སྟོན་གྱིས་བྱ་བ་བསྒྲུབ་སྐབས་དྲང་བདེན་དང་། སྲིད་གཙང་གཞུང་བཀུར། སྒྲིག་བརྩི་ཁྲིམས་སྲུང་། ལྷག་བསམ་ངང་ཡུལ་མིར་ཞབས་འདེགས་ཞུ་བ་བཅས་ཀྱི་མི་གྲོང་ཚོ་ཨུ་ལྷན་ནང་དངོས་འབྲེལ་འཇུག་ཐུབ་པ་བྱེད་དགོས།
         གཉིས་ནས་གྲོང་ཚོ་ཨུ་ལྷན་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། ས་གནས་ཁག་གིས་གྲོང་ཚོ་ཨུ་ལྷན་གྱི་རྩ་འཛུགས་སྒྲིག་གཞི་འཐུས་ཚང་དུ་གཏོང་བར་མུ་མཐུད་མཛུབ་ཁྲིད་བྱས་ནས་ཞིང་པའི་ཁེ་དབང་སྲུང་སྐྱོང་དང་། གྲོང་གསེབ་ཀྱི་སྒྲིག་ལམ་འཛུགས་པ། གྲོང་གསེབ་ཞི་མཐུན་བརྟན་ལྷིང་ཡོང་བའི་ཁྲོད་དེའི་གཤམ་འོག་ཨུ་ཡོན་ལྷན་ཁང་གི་མི་དམངས་འདུམ་འགྲིག་དང་བདེ་འཇགས་སྲུང་བའི་ལྟ་བའི་ནུས་པ་ལེགས་པར་འདོན་དགོས།
          གསུམ་ནས་གྲོང་ཚོའི་རྒྱུ་ནོར་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། ས་གནས་ཁག་གིས་གྲོང་དོན་ལྟ་སྐུལ་ཨུ་ལྷན་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ལས་དོན་གྱི་འགན་འཁྲི་དང་ལྟ་སྐུལ་དབང་ཚད་ཁ་གསལ་བཟོ་བ་དང་། ལྟ་སྐུལ་གྱི་ནང་དོན་དང་ལས་ཀའི་སྒྲིག་ལམ་ཚད་ལྡན་དུ་བཏང་ནས་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཀྱི་གྲོང་དོན་ལྟ་སྐུལ་ལམ་སྲོལ་འཐུས་ཚང་ཡོང་བ་བྱེད་དགོས། གྲོང་དོན་ཡོངས་བསྒྲགས་ཀྱི་དམངས་གཙོའི་དོ་དམ་ནན་དུ་བཏང་ནས་ཁང་པ་བཤིག་སྤོ་དང་། ས་ཞིང་བསྡུ་སྤྱོད། གྲོང་ཚོའི་མཉམ་སྡེབ་ཐོན་ཁུངས་དང་རྒྱུ་ནོར་གསར་སྤེལ། རྒྱལ་ཁབ་ཀྱི་དམངས་ཕན་འདུ་འགོད་རྣམ་གྲངས་དང་དེ་བཞིན་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་འདེམས་བསྐོ་དང་གྲོང་དོན་རྒྱུ་ནོར་དོ་དམ་སོགས་ལ་ལྟ་སྐུལ་བྱ་རྒྱུར་གཙོ་བོར་ཤུགས་སྣོན་བརྒྱབ་ནས“ཡུལ་གྱི་བཙན་པོ”དང་ཆོས་ལུགས་ཀྱི་གདུག་རྩུབ་ཅན་གྱིས་གྲོང་ཚོ་རིམ་པའི་ལས་དོན་ལ་ཐེ་ཇུས་དང་བཀོད་པ་གཏོང་རྒྱུ་སྔོན་འགོག་བྱས་ཏེ་གྲོང་མིའི་ཁེ་དབང་ལ་བཙན་གནོད་མི་ཕོག་པ་བྱེད་དགོས།
          བཞི་ནས་གྲོང་གསེབ་སྡེ་ཁུལ་གྱི་བཅོས་སྐྱོང་ལམ་སྲོལ་གསར་གཏོད་བྱེད་དགོས། “སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་དགོངས་དོན་དར་སྤེལ་གཏོང་བ་དང་། ཁྲིམས་འཛིན་བསམ་ཕྱོགས་དང་ཁྲིམས་འཛིན་བྱེད་སྟངས་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་མ་བཏང་ནས་དགེ་སྤེལ་ཉེས་སྤོང་གི་ཕུགས་འཕེར་ལམ་སྲོལ་བཙུགས་ཏེ་གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་བཅོས་སྐྱོང་གི་དཀའ་རྙོག་སེལ་རྒྱུའི”གཞི་རྩའི་རྩ་དོན་དང“ནག་ཚོགས་ཀྱིས་གཞི་རིམ་བཅོས་སྐྱོང་ཟང་ཟིང་བཟོ་བར་སྔོན་འགོག་དང་རྡུང་རྡེག་གཏོང་བའི”ལས་ཀའི་བླང་བྱ་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཁག་ཞུགས་པ་དང་སྒོ་དབྱེ་བསྟུན་མཁས་ཀྱི་གྲོང་གསེབ་སྡེ་ཁུལ་བཅོས་སྐྱོང་གི་ལམ་སྲོལ་ཞིག་འཛུགས་དགོས་ཞེས་བརྗོད།