མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧྲན་ཤིས་སུ་བཅའ་སྡོད་དཔུང་སྡེའི་རྟེན་གཞི་ཞིག་ཏུ་གཟིགས་ཞིབ་གནང་བ་
དང་སྦྲགས་གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་26ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་22ཉིན་ཧྲན་ཤིས་སུ་ལས་དོན་ལ་རྟོག་ཞིབ་གནང་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཧྲན་ཤིས་སུ་བཅའ་སྡོད་དཔུང་སྡེའི་རྟེན་གཞི་ཞིག་ཏུ་གཟིགས་ཞིབ་དང་རྟོག་ཞིབ་གནང་བར་ཕེབས་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་རྟེན་གཞི་བཙུགས་ནས་ལོ་50འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་བ་དང་། ལས་གཏོད་པ་རྒན་རབས་དང་རྒྱ་ཆེའི་རྟེན་གཞིའི་དཔོན་དམག་ལ་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་བ་རེད། ཁོང་གིས། ཏང་གིས་དུས་བབ་གསར་པའི་འོག་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་ཁྲིད་སྟོན་དུ་བྱས་ནས་དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་མཛད་ཕྱོགས་ལག་ལེན་བསྟར་ཐོག ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་མཐའ་འཁྱོངས་ཀྱིས་རིམ་པ་ལྟར་ལེགས་འགྲུབ་ཅན་གྱི་འཕེན་གཏོང་དང་ཚོད་ལྟའི་ལས་འགན་སྒྲུབ་པའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་ཐད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
           སྔ་དྲོའི་ཆུ་ཚོད་9པ་ཙམ་ལ་ཞི་ཅིན་ཕིང་རླངས་འཁོར་དུ་བཞུགས་ནས་རྟེན་གཞིའི་དམག་དོན་ལོ་རྒྱུས་ཁང་དུ་ཕེབས་ཤིང་། ཁོང་གིས། ལོ་50ཡི་རིང་རྟེན་གཞིས་དཀའ་སྤྱད་ལས་སྒྲུབ་བྱས་ཏེ་ཏང་དང་མི་དམངས་ཀྱིས་བཅོལ་བའི་ལས་འགན་ཁག་ལེགས་སྒྲུབ་བྱས་ནས་རང་རྒྱལ་གྱི་འཐབ་ཇུས་ནུས་པ་དང་རྒྱལ་སྲུང་སྟོབས་ཤུགས་ཆེ་རུ་གཏོང་རྒྱུར་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་ཏང་དང་མི་དམངས་ཀྱིས་ཁྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྐབས་བསྟན་དོན། འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེའི་ཕུགས་བསམ་སྙིང་དབུས་སུ་འཆང་བ་དང་། ལས་འགན་སྒྲུབ་སེམས་ལ་ཤུགས་སྣོན། ལག་རྩལ་གསར་གཏོད་དང་ལག་ལེན་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བར་སྣང་ཁམས་སུ་དཔུང་འཇུག་བྱེད་པའི་ཀྲུང་གོའི་མཐོ་ཚད་རྒྱུན་ཆད་མེད་པར་གཏོད་དགོས། དམག་དཔུང་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། དམག་འཐབ་ནུས་པ་དཔེ་གསར་ཅན་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། དམག་ཡོངས་ཀྱི་མཉམ་འཐབ་མ་ལག་ནང་འདྲེས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། སྐོང་ན་ཡོང་ཐུབ་པ་དང་། ཡོང་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ཐུབ་པ་བཅས་བྱེད་དགོས།
          ཞི་ཅིན་ཕིང་གིས། དམག་དམངས་མཉམ་འདྲེས་ཀྱི་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས། ཏང་ཀྲུང་དབྱང་གིས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་གོ་སྐབས་དམ་འཛིན་གྱིས་ལག་ལེན་ལ་འཚོལ་ཞིབ་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ལག་རྩལ་དང་། ཐོན་ལས། སྒྲིག་བཀོད། ཤེས་ལྡན་པ་བཅས་ཀྱི་ཐད་མཉམ་འདྲེས་གཏིང་ཟབ་བྱེད་པའི་ལམ་བུ་བཏོད་ཐོག བར་སྣང་ཁམས་ཁྱབ་ཁོངས་ཀྱི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཡོངས་དང་དམག་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པའི་འབད་བརྩོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས། ཕུལ་བྱུང་གི་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་གཏོང་བ་དང་། བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱེད་པའི་གསར་བརྗེའི་ངར་ཤུགས་རྒྱུན་འཁྱོངས་བྱེད་པ། གསར་གཏོད་ཚད་བརྒལ་དང་དཔའ་ངར་ཆེན་པོས་ཡང་རྩེར་འཛེགས་པའི་བྱ་གཞག་འཚོལ་སྙེགས་རྒྱུན་འཁྱོངས་བྱེད་པ། ནན་གཟབ་ཞིབ་དངོས་དང་ཡག་ཐོག་ཡག་བརྩེགས་ཀྱི་ལས་ཀའི་སྤྱོད་ཚུལ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ། འཛམ་གླིང་གི་དམག་དཔུང་ཨང་བཟང་ཤོས་འཛུགས་སྐྲུན་དང་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་གཏོད་ཕྱིར་བྱས་རྗེས་གསར་པ་བཞག་ནས། ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་གསུངས་པ་རེད།