མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།མེས་རྒྱལ་གྱི་གནས་ཚུལ་ཤེས་རྟོགས་བྱས་ནས་ཤང་ཀང་གི་ཕུགས་འདུན་གཏོད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་30ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

             མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་28ཉིན་གྱི་ཕྱི་དྲོ་ཤང་ཀང་ལས་ཁག་གི་་རྟེན་འབྲེལ་མཛད་སྒོ་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་ནས་གཉེར་བའི“ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཕུགས་འདུན་སྒྲུབ་པར་བྱེད”ཅེས་པའི་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་འགྲེམས་སྟོན་ཐུང་ལུའོ་དབན་ཝི་ཁེ་ཐོ་རུའེ་ཡ་སྤྱི་གླིང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། མ་གཞི་ཚ་གདུག་ཤིན་ཏུ་ཆེ་ཡང་ལྟ་སྐོར་དུ་ཡོང་མཁན་རྒྱུན་ཆད་རྒྱུ་མེད། དོ་སྣང་བྱ་ཡུལ་ཆེ་ཤོས་སུ་གྱུར་པའི་ཤང་ཀང་ཚུར་ལོག་པའི་རྟེན་འབྲེལ་བྱེད་སྒོའི་གྲས་ཤིག་ཡིན་པའི་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་འགྲེམས་སྟོན་དུ་ཆེད་མངགས་གདན་དྲངས་པའི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པ་དང་པོ་དབྱང་ལི་ཝུའེ་དང་དེ་བཞིན“ལྷ་གྲུ་ཨང་བཅུ་གཅིག་པ”ཡི་འཇིག་རྟེན་འཕུར་སྐྱོད་པ་ཅིང་ཧའེ་ཧྥུང་དང་ཁྲེན་ཏུང་དང་། སྲིད་འཛིན་དཔོན་ལེའང་ཀྲེན་དབྱིང་། ཤང་ཀང་དུ་བཅའ་བཞུགས་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འབྲེལ་གཏུག་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲང་ཞའོ་མིང་། བསྐོ་གཞག་སྒུག་པའི་སྲིད་འཛིན་དཔོན་ལིན་ཀྲེང་གཡོད་ཨོ་སོགས་ཀྱིས་ཐུན་མོང་ཐོག་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
           འཇིག་རྟེན་འཕུར་སྐྱོད་དཔའ་བོ་ཤང་ཀང་དུ་འབྱོར་རྗེས་གྲོང་མི་མང་པོས་་འཚང་ཁ་ཤིག་ཤིག་ངང་ཁོང་ཚོའི་གམ་དུ་བཅར་ནས་མཉམ་དུ་དྲན་རྟེན་པར་བརྒྱབ་ཅིང་། ཤིའུ་མིང་སློབ་ཆུང་དུ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་ཝུའུ་ཆེ་གེ་མོས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་གསར་འགོད་པར་ངས་ད་བར་བར་སྣང་ཚན་རྩལ་ལ་ཡིད་འཇོག་ཆེན་པོ་བྱེད་ཀྱི་ཡོད། ད་རེས་ཀྲུང་གོས་བཟོས་པའི་མེ་ཤུགས་འཕུར་མདའ་ཆེ་གྲས་མཐོང་བྱུང་ལ་དབྱང་ལི་ཝུའེ་དངོས་སུ་མཇལ་རྒྱུའང་བྱུང་བས་དགའ་སྤྲོ་དཔག་མེད་སྐྱེས་བྱུང་ཞེས་བཤད། རྟེན་འབྲེལ་མཛད་སྒོ་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་ཞི་ཀྲེང་ཡའོ་ཐང་གིས་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་འགྲེམས་སྟོན་འདི་ལས་རྒྱལ་ཁབ་ཀྱི་ཚན་རྩལ་གྲུབ་འབྲས་དང་དེ་བཞིན་ཤང་ཀང་གི་མི་རབས་གསར་པའི་ཚན་རྩལ་གསར་གཏོད་ཀྱི་སྙིང་སྟོབས་གང་ལེགས་མཚོན་གྱི་ཡོད། བྱེད་སྒོ་དེ་བརྒྱུད་སློབ་མ་ཚོའི་ཚན་རྩལ་གྱི་བློ་སྒོ་ཕྱེ་ནས་གསོན་ཤུགས་ཆེན་པོས་འབྱུང་འགྱུར་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་བྱུང་། སྔོན་དཔག་བྱས་ན་འགྲེམས་སྟོན་ནང་ཞུགས་མཁན་མི་གྲངས་ཁྲི་བཅུ་གྲངས་ཟིན་རྒྱུ་དང་། གྲོང་མི་ཚོ་དང་མཉམ་དུ་ཤང་ཀང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་རྒྱུ་རེད།
            ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲང་ཅན་ཧོང་གིས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་དང་ཤང་ཀང་དབར་ལ་དམིགས་བསལ་གྱི་ལས་འབྲེལ་ཞིག་བྱུང་ཡོད་ཅེས་མྱོང་བ་ཟབ་མོས་བཤད་པ་སྟེ། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱིས་རྒྱལ་སྤྱིའི་ཚོང་ལས་སྲུང་སྐར་ཐོག་མར་འཕེན་གཏོང་བྱས་པ་ནི“རྒྱང་སྐྱོད་ཨང་གསུམ་པ”ཡིན་ཞིང་། མེ་ཤུགས་འཕུར་མདའ་འདིས་ཤང་ཀང་ཀུང་སིའི་སྲུང་སྐར་འཕེན་གཏོང་བྱས་པ་དེ་རེད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་བཀལ་བའི་སྐར་ལྔའི་དར་དམར་དང་མེ་ཏོག་མཆིན་ཁའི་ཁུལ་དར་ཐོག་མ་ནི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱིས་ཕྱིར་ལོག་རྣམ་པའི་སྲུང་སྐར་ནང་བླུགས་ནས་འཁྱེར་ཡོང་བ་དང་དེ་ནས་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་ལ་སྤྲད་པ་ཞིག་རེད།
           ཉིན་དེའི་ཉིན་དགུང་དུ“ཡུལ་སྲོལ་གོམས་འདྲིས་དར་གོས་ལམ་བུ། སྣག་ཚོན་རི་མོའི་ཁྲོད་ཀྱི་ཤང་ཅང”ཞེས་པའི་དེང་དུས་ཀྱི་རི་མོ་མཁས་ཅན་གྱི་བརྩམས་ཆོས་འགྲེམས་སྟོན་དང“ཀང་སོག་གི་སྒེག་ཉམས”ཞེས་པའི་ས་གནས་གཉིས་ཀྱི་པར་ལེན་འགྲན་བསྡུར་དང་མཉམ་འབྲེལ་འགྲེམས་སྟོན་ཐུང་ལུའོ་དབན་ཀྲུང་དབྱང་དཔེ་དེབ་ཁང་དུ་བྱེད་འགོ་ཚུགས་པ་རེད། ཤང་ཀང་དང་ནང་སོག་ས་གནས་གཉིས་ཀྱི་པར་རྒྱག་མཁས་ཅན་བཅུ་གྲངས་ཀྱི་ཕུལ་བྱུང་པར་རིས་300ལྷག་ཙམ་འགྲེམས་སྟོན་བྱས་ཤིང་། ཕྱོགས་གཅིག་ནི་བཀྲག་མདངས་འཚེར་བའི་ཝི་ཁེ་ཐོ་རུའེ་ཡའི་གྲུ་ཁ་དང་གནའ་ཉམས་ལྡན་ལ་བབ་ཆགས་པའི་ཉ་གྲུ་ཡིན་པ་དང་ཕྱོགས་གཞན་ཞིག་ནི་བདེ་བགྲོད་ཀྱི་རྟ་མཆོག་དང་མུ་མཐའ་མེད་པའི་རྩྭ་ཐང་ཡིན་ཞིང་། ཡུལ་ལྗོངས་མི་འདྲ་ཡང་བརྩེ་བ་བཅངས་ལུགས་གཅིག་མཚུངས་ཡིན་པའི་གནས་གཉིས་ཀྱི“སྒེག་ཉམས”དེར་བསྡུས་ནས་བཀྲག་མདངས་རབ་ཏུ་འཚེར།
            ཀྲེང་ཡའོ་ཐང་གིས་ད་ལོ་ནི་ཤང་ཀང་ཚུར་ལོག་ནས་ལོ་20འཁོར་བའི་ལོ་ཞིག་རེད་ལ་ནང་སོག་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་ཀྱང་རེད། ཤང་ཀང་དང་ནང་སོག་ས་གནས་གཉིས་པོའི་དབར་སྤེལ་རེས་ཀྱི་རྒྱུན་ཆད་མྱོང་མེད། རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་ལས་ལྷོ་བྱང་སྣེ་གཉིས་སུ་ཆགས་པའི་ས་གནས་གཉིས་པོ་དེ་བས་འབྲེལ་མཐུད་དམ་ཟབ་ཡོང་རྒྱུ་རེད། “ད་རེས་ཀྱི་འགྲེམས་སྟོན་དེས་ས་གནས་གཉིས་པོ་ལག་གདང་སྦྲེལ་ནས་འཛམ་གླིང་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་མཚོན་པར་བྱས་པ་ཕུད། ད་དུང་དེ་ལས་ས་གནས་གཉིས་པོའི་མི་དམངས་ཀྱི་རྒྱལ་ཁབ་འཕེལ་རྒྱལ་ལས་བྱུང་བའི་སྤྲོ་བ་ཐུན་མོང་ཐོག་ཉམས་སུ་མྱོང་ཐུབ་ཡོད”ཅེས་གསུངས་པ་རེད།
           ཤང་ཀང་ཚུར་ལོག་ནས་ལོ་20ཡི་རིང་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་ཤང་ཀང་གི་དར་རྒྱས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ནང་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། གྲོང་མིའི་རྒྱུན་སྤྱོད་བཟའ་བཅའ་སྣ་ཚོགས་ནས་གྲོང་ཁྱེར་གྱི་ཆུ་གློག་སྣུམ་རླངས་བར་དང་སྡོད་ཁང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནས་དངུལ་ཁང་དངུལ་འཛིན་བར་གྱི་གང་ས་ཅི་ཐད་ནས་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་གཟུགས་བརྙན་མཐོང་རྒྱུ་ཡོད། ཉེ་ཆར་ཤང་ཀང་ཀྲུང་གོའི་ཁེ་ལས་མཐུན་ཚོགས་ཀྱིས་སྒྲིག་འཛུགས་བྱས་ནས་གཉེར་བའི་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་ཤང་ཀང་ལ་ཞབས་འདེགས་ཞུ་བའི་འགྲེམས་སྟོན་དེ་ལས་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་ཀྱི་རྣམ་པ་སླར་ཡང་མཚོན་ཡོད།
           “མི་རིགས་ཀྱི་དཔའ་བོ་ཀྲེང་ཁྲེང་ཀུང་གིས་རྒྱལ་ཁབ་གང་ཞིག་གི་བཙན་འཛུལ་པ་ཕམ་པར་བཟོས་ནས་ཐའེ་དབན་ཚུར་ལེན་པ་ཡིན་ནམ”“ཀྲུང་གོ་དང་ཕྱི་འབྲེལ་འཛུགས་སྔ་ཤོས་དང་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་ནང་ཞུགས་སྔ་ཤོས་ཀྱི་རྒྱལ་ཁབ་གང་ཞིག་ཡིན་ནམ”“‘རྒྱུད་ཅིག་ལམ་གཅིག’ནང་གི་ཤང་ཀང་གི་ངེས་གནས་གང་ཡིན་ནམ”ཤང་ཀང་ཚུར་ལོག་ནས་ལོ་20འཁོར་བའི་མཚམས་འདིར་ཤང་ཀང་གི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཚོས་ལོ་རྒྱུས་རིག་གནས་ཀྱི་རྒྱུན་ཤེས་འགྲན་བསྡུར་ལ་བརྟེན་ནས་དུས་ཆེན་དགའ་སྤྲོས་བཏང་ཞིང་། སློབ་གྲྭ་200ལྷག་ཙམ་ཞུགས་པ་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མ་5000གིས་མིང་ཐོ་བཀོད་པའི་ད་རེས་ཀྱི་བྱེད་སྒོའི་ནང་སློབ་མ་ཚོས་ཀྲུང་གོའི་ལོ་རྒྱུས་དང་། ཤང་ཀང་གི་ད་ལྟའི་གནས་བབ། ས་གནས་གཉིས་པོའི་འཕེལ་རྒྱས་སོགས་རིག་གནས་ཤེས་བྱའི་སྐོར་གྱི་དྲི་བར་ལན་འདེབས་པ་བརྒྱུད་རྒྱལ་ཁབ་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་པ་དང་ཤང་ཀང་ལ་རེ་སྒུག་བྱེད་ཤུགས་ཆེ་རུ་བཏང་ཡོད། ཤང་ཀང་སློབ་གསོ་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞི་ཧོང་ཅིང་ལེའང་གིས་ཤང་ཀང་བ་ཞིག་ཡིན་པའི་ང་ཚོས་རང་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་རིག་གནས་ཤེས་རྟོགས་གཏིང་ཟབ་བྱས་ན་གཞི་ནས་ཟོལ་མེད་གཞུང་དྲང་གི་ཀྲུང་གོ་བ་ཞིག་སྔར་བས་ཡག་པོ་བྱེད་ཐུབ་ཅེས་གསུངས་པ་རེད།