མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་བའི་
མཛད་སྒོ་ཁག་ལ་ཞུགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་03ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་30ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དགའ་བསུའི་མཚན་སྟོན་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཞི་ཅིན་ཕིང་གིས་ལོ་20རིང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཤང་ཀང་དུ་ལག་ལེན་བསྟར་བ་དེ་ནི་མྱུ་གུ་ཞིག་དང་འདྲ་བར་ཆར་རླུང་ཁྲོད་བདེ་ཐང་ངང་འཚར་ལོངས་བྱུང་སྟེ་གྲུབ་འབྲས་གཡུར་དུ་ཟ་བ་བཏགས་ཡོད། རང་ཉིད་ལ་ཡིད་ཆེས་དང་། ཤང་ཀང་ལ་ཡིད་ཆེས། རྒྱལ་ཁབ་ལ་ཡིད་ཆེས་བཅས་བྱེད་པ་དང་། ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་ལེན་བསྟར་བའི་ཐོག་མའི་བསམ་འདུན་འགྱུར་བ་གཏོང་མི་སྲིད་ལ་ཆོད་སེམས་ཀྱང་གཡོ་འགུལ་གཏན་ནས་ཐེབས་མི་སྲིད། “མདུན་སྐྱོད་ལམ་བུ་དཀའ་ཚེགས་ཆེ་ནའང་། རྒྱ་མཚོའི་ཕ་མཐར་སོན་པའི་དུས་ཤིག་མཆིས”པའི་ཡིད་ཆེས་དང་། “ཡིན་མིན་གསལ་ཤེས་ལམ་བུ་ཀྱག་ཀྱོག་ཆེ་ནའང་། མཐའ་མར་ངེས་ཤེས་གཏིང་ཚུགས་རྙེད་པར་ཐེ་ཚོམ་མེད”པའི་སྙིང་རུས་ཐོག་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཤང་ཀང་དུ་ལག་ལེན་བསྟར་བར་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
          སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་ཞི་ཅིན་ཕིང་གིས་སྤྲོ་བ་ཆེན་པོས་གསུང་བཤད་གནང་ཞིང་། ཁོང་གིས་དང་ཐོག་ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ་ཤང་ཀང་གི་གྲོང་མི་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་གནང་བ་རེད།
          ཞི་ཅིན་ཕིང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ཀྲུང་གོའི་གསར་གཏོད་རླབས་ཆེན་ཞིག་རེད། གཅིག་གྱུར་གྱི་རྒྱལ་ཁབ་ནང་རྒྱལ་ཁབ་ཀྱི་སྤྱི་ཡོངས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལག་ལེན་བསྟར་བ་དང་ས་ཁུལ་ཁག་གཅིག་ལ་ཁྲིམས་བཞིན་མ་རྩ་རིང་ལུགས་ཀྱི་ལམ་ལུགས་ལག་ལེན་བསྟར་བ་དེ་ནི་སྔར་སོང་མིའི་རིགས་ཀྱི་ཆབ་སྲིད་ལག་ལེན་ཁྲོད་གཏན་ནས་བྱུང་མ་མྱོང་བ་ཞིག་རེད། སྔོན་བྱོན་པ་ཚོས་རྨད་དུ་བྱུང་བའི་བློ་སྟོབས་ལ་བརྟེན་ནས་འཚོལ་ཞིབ་དང་ཚད་བརྒལ་བྱས་པ་དང་རྗེས་རབས་པ་ཚོས་དད་སེམས་བརྟན་པོར་བརྟེན་ནས་ལག་བསྟར་དང་འཕེལ་རྒྱས་གཏོང་དགོས་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་ཤང་ཀང་གི་འཕེལ་རྒྱས་ལ་མཐུན་རྐྱེན་ཧ་ཅང་མང་པོ་དང་དམིགས་བསལ་གྱི་ལེགས་ཆ་ལྡན་ཡོད། ཤང་ཀང་གིས་ལེགས་ཆ་དེ་དག་སྲ་བརྟན་དང་འཕེལ་རྒྱས་བཏང་ན་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དང་ས་ཁོངས་མཉམ་ལས་ནང་གོ་སྐབས་སྟངས་འཛིན་ཐུབ་པ་དང་རང་ས་ཁུལ་གྱི་གསར་གཏོད་ལས་གཏོད་ལ་སྐུལ་འདེད་གཏོང་བ་དང་འཕར་གཞི་གསར་པ་གསར་སྤེལ་བྱེད་ཐུབ་ཅེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་སྔར་སོང་དང་། ད་ལྟ། མ་འོངས་བཅས་ག་དུས་ཡིན་རུང་མེས་རྒྱལ་ནི་ཐོག་མཐའ་བར་གསུམ་དུ་ཤང་ཀང་གི་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡིན། མེས་རྒྱལ་ཉིན་བཞིན་སྟོབས་འབྱོར་མངའ་ཐང་རྒྱས་བཞིན་ཡོད་པ་ནི་ཤང་ཀང་གིས་དཀའ་ངལ་ཁྱད་བསད་ཐུབ་པ་དང་འགྲན་སློང་ལས་རྣམ་པར་རྒྱལ་བའི་རྩ་བའི་གདེང་ཚོད་དེ་ཡིན་ལ། ཤང་ཀང་གིས་འཕེལ་རྒྱས་ཀྱི་ལམ་ཕྱོགས་གསར་པ་འཚོལ་ཞིབ་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་བཙལ་འཚོལ། འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་གསར་འབྱེད་བཅས་བྱེད་པའི་གོ་སྐབས་གནས་སའང་ཡིན་ཞེས་གསུངས་པ་རེད།
          མཇུག་མཐར་ཞི་ཅིན་ཕིང་གིས་ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ” ཚད་མཐོའི་རང་སྐྱོང་བཅས་ཀྱི་མཛད་ཕྱོགས་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་ངང་ལག་བསྟར་དོན་འཁྱོལ་མཐའ་འཁྱོངས་བྱས་ནས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་འབད་འཐབ་བྱས་ན། ཤང་ཀང་གི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གསར་གཏོད་བྱེད་ཐུབ་ཅེས་ནན་བཤད་གནང་བ་རེད།
          ཤིན་ཧྭ་གསར་འགྱུར་ཁང་ཤང་ཀང་ནས་ཟླ་6ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཤང་ཀང་དུ་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚེས་30ཉིན་གྱི་སྔ་དྲོར་ཤང་ཀང་དུ་བཅའ་སྡོད་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེར་གཟིགས་ཞིབ་གནང་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་ཤང་ཀང་དུ་བཅའ་སྡོད་དཔུང་སྡེའི་བཀོད་འཐབ་པ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད། ཞི་ཅིན་ཕིང་གིས་དུས་བབ་གསར་པའི་འོག་གི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་སྣེ་ཁྲིད་དུ་བྱས་ཏེ་འགོ་འཛུགས་ས་གསར་པའི་ཐོག་ནས་ཤང་ཀང་དུ་བཅའ་སྡོད་དཔུང་སྡེའི་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་དང་། བཅའ་སྡོད་དམག་དཔུང་གི་བཅའ་ཁྲིམས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་མཐའ་གཅིག་ཏུ་སྲུང་བ། ཤང་ཀང་གི་དར་རྒྱས་བརྟན་ལྷིང་མཐའ་གཅིག་ཏུ་སྲུང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་རླངས་འཁོར་ནང་བཞུགས་ནས་ཤང་ཀང་དུ་བཅའ་སྡོད་དཔུང་སྡེའི་རུ་སྟར་གྲུ་བཞི་20ལ་གཟིགས་ཞིབ་གནང་བ་དང་། གཟིགས་ཞིབ་གནང་ཚར་རྗེས་ཞི་ཅིན་ཕིང་གིས་ཤང་ཀང་དུ་བཅའ་སྡོད་དཔུང་སྡེའི་ལས་ཁུངས་དང་ཐད་གཏོགས་ལས་ཁུངས་ཀྱི་ཚན་པའི་ཐོན་ཤོག་ཡན་གྱི་ལས་བྱེད་པར་མཇལ་འཕྲད་གནང་བ་དང་སྦྲགས་ཚང་མ་དང་ལྷན་དུ་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་མཉམ་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
          དེ་རྗེས་ཞི་ཅིན་ཕིང་གིས་ཤང་ཀང་དུ་བཅའ་སྡོད་དཔུང་སྡེའི་ལས་དོན་སྙན་སེང་གསན་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ལོ་20ཡི་རིང་ཤང་ཀང་དུ་བཅའ་སྡོད་དཔུང་སྡེས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་མཛུབ་སྟོན་མཐའ་གཅིག་ཏུ་ལག་བསྟར་བྱས་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་དང་། བཅའ་སྡོད་དམག་དཔུང་གི་བཅའ་ཁྲིམས་དོན་འཁྱོལ་ནན་ཏན་གྱིས་འགོག་སྲུང་ལས་དོན་ལྟེ་བར་བྱས་པའི་ལས་འགན་ཁག་ལེགས་སྒྲུབ་ཧུར་ཐག་བྱས་ཏེ་རང་རེའི་དམག་དཔུང་གི་ཟིལ་རྔམ་ལྡན་པའི་དཔུང་སྡེ་དང་ཡ་རབས་ཚུལ་ལྡན་གྱི་དཔུང་སྡེའི་གཟུགས་བརྙན་མངོན་སྟབས་སྤུན་ཟླ་ཤང་ཀང་བའི་བསྔགས་བརྗོད་བཟང་པོ་ཐོབ་ཡོད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་ཤང་ཀང་དུ་བཅའ་སྡོད་དཔུང་སྡེ་ནི་རྒྱལ་ཁབ་ཀྱི་བདག་དབང་མངོན་ཚུལ་གལ་ཆེན་ཞིག་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”སྲུང་སྐྱོབ་བྱེད་མཁན་གྱི་སྟོབས་ཤུགས་གལ་ཆེན་ཞིག ཤང་ཀང་གི་དར་རྒྱས་བརྟན་ལྷིང་སྲུང་སྐྱོང་བྱེད་མཁན་གྱི་རྨང་རྡོ་གལ་ཆེན་ཞིག་བཅས་ཡིན་པས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྲིད་དབང་གི་འདུ་ཤེས། སྤྱི་ཡོངས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཆེ་རུ་གཏོང་དགོས། གྲ་སྒྲིག་ཨང་བསར་དང་། རྒྱུན་དུ་གྲ་སྒྲིག་བྱ་རྒྱུར་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་དམག་དོན་འཐབ་འཛིང་གི་གྲ་སྒྲིག་གང་ལེགས་བྱས་ནས་མཚོ་བརྟན་ཀ་བ་ལྟ་བུའི་ནུས་པ་ཐོན་པར་བྱེད་དགོས། དཔུང་སྡེ་ཚད་མཐོའི་གཅིག་སྡུད་གཅིག་གྱུར་རྒྱུན་འཁྱོངས་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། ཁྲིམས་ལྟར་དམག་སྐྱོང་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཚད་མཐོའི་མཐོང་ཆེན་བཅས་བྱས་ཏེ་འགྱུར་མེད་ཀྱི་དད་པ་དང་། འགྱུར་མེད་ཀྱི་བློ་སེམས། འགྱུར་མེད་ཀྱི་སྒྲིག་ཁྲིམས། འགྱུར་མེད་ཀྱི་འགན་སེམས་བཅས་ཡོད་པའི་དམག་དཔུང་རྩེ་གྲ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།
          ཤིན་ཧྭ་གསར་འགྱུར་ཁང་ཤང་ཀང་ནས་ཟླ་6ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤང་ཀང་དུ་ཤང་ཀང་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མིའི་མི་སྣར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
          ཞི་ཅིན་ཕིང་གིས་ཁྱེད་ཚོ་ནི་ཤང་ཀང་སྤྱི་ཚོགས་ཀྱི་ཕུལ་བྱུང་མི་སྣ་ཡིན་ལ། དུས་ཡུན་རིང་པོའི་ནང་ཤང་ཀང་བདེ་བླག་ངང་མེས་རྒྱལ་གྱི་པང་དུ་ལོག་པ་དང་འབྲེལ་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་དང་རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ངས་འདིར་ཁྱེད་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20ནང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཁས་ལེན་བྱེད་པའི་གྲུབ་འབྲས་ཐོབ་ཡོད། ལག་ལེན་ཁྲོད་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་ལྟ་སྟངས་ཡང་དག་འཛིན་པ་དང་རྗེས་དཔག་དབྱེ་ཞིབ་བྱས་ནས་ཐབས་ཤེས་བཙལ་ཏེ་གནད་དོན་ཐག་གཅོད་བྱེད་དགོས། དཀའ་ངལ་སེལ་བ་དང་གནད་དོན་ཐག་གཅོད་ཐུབ་ཚེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་ཀྲུང་དབྱང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ལ་འགྱུར་ལྡོག་མི་གཏོང་བ་དང་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ཡོད། ཤང་ཀང་གི་ངོས་ནས་བརྗོད་ན་དོ་ཁུར་བྱེད་དགོས་པའི་གནད་དོན་ནི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ལ་འགྱུར་ལྡོག་འགྲོ་སྲིད་མིན་གྱི་གནད་དོན་དེ་མིན་པར། གང་འདྲ་བྱས་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུ་དེ་ཡིན་ཞེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཤང་ཀང་གྲ་རྒྱས་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པར་ང་ཚོས་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དགོས། རེ་བར་ཚང་མས་ཕྱོགས་བཞིའི་ཐད་ནས་མིག་དཔེ་བཟང་པོ་སྟོན་དགོས་པ་སྟེ། གཅིག་ནས་སྣེ་ཁྲིད་དེ་སྲིད་འཛིན་དཔོན་ལིན་ཀྲེན་གཡོད་ཨེ་དང་སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་དམངས་ཚོགས་དང་སྲིད་གཞུང་དབར་གྱི་འབྲེལ་ཟམ་དང་སྦྲེལ་ཐག་ཡག་པོ་བྱས་ནས་སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནས་སྣེ་ཁྲིད་དེ་མཐུན་སྒྲིལ་ཡག་པོ་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་། ཞན་ཆ་སེལ་བ། འཆམ་མཐུན་ཟབ་ཏུ་གཏོང་བ། སྤྱོད་བཟང་དར་སྤེལ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ལ་དགའ་ཞེན་དང་ཤང་ཀང་ལ་དགའ་ཞེན་གྱི་དྲང་ནུས་གཅིག་ཏུ་སྒྲིལ་དགོས། གསུམ་ནས་སྣེ་ཁྲིད་དེ་གཞོན་ནུ་ལོ་ཆུང་ལ་ཐུགས་ཁུར་གྱིས་ཁོང་ཚོའི་དཀའ་ངལ་དངོས་སེལ་རོགས་བྱས་ཏེ་ཁོང་ཚོ་འཚར་ལོངས་དང་ཤེས་ལྡན་མི་སྣར་འགྱུར་ཆེད་ཆ་རྐྱེན་བཟང་པོ་བསྐྲུན་ནས་རྒྱལ་ཁབ་ལ་དགའ་ཞེན་དང་ཤང་ཀང་ལ་དགའ་ཞེན་བྱེད་པའི་གཟི་བརྗིད་སྲོལ་རྒྱུན་བརྒྱུད་སྤྲོད་བྱེད་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་རྒྱུན་འཛིན་བྱེད་མཁན་ཡོད་པ་བྱེད་དགོས། བཞི་ནས་སྣེ་ཁྲིད་དེ་ཤང་ཀང་དང་ནང་སའི་དབར་གྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ས་ཁུལ་གཉིས་ཀྱི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཐབས་ཇུས་མང་པོ་འདོན་པ་དང་། ནུས་ཤུགས་མང་པོ་འདོན་པ། འགན་འཁྲི་མང་པོ་འཁུར་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
          ཤིན་ཧྭ་གསར་འགྱུར་ཁང་ཤང་ཀང་ནས་ཟླ་6ཚེས་30ཉིན་གློག་འཕྲིན་འབྱོར་བར་གཞིགས་ན། ཚེས་30ཉིན་གྱི་སྔ་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཤང་ཀང་གཞོན་ནུ་ལོ་ཆུང་ཉེན་དོན་ཆ་འཕྲིན་ཡུན་རིང་བྱེད་སྒོའི་ལྟེ་གནས་དང་གཞོན་ནུ་ལོ་ཆུང་གི་ཕྱོགས་བསྡུས་སྦྱོང་བརྡར་སྒར་སར་རྟོག་ཞིབ་གནང་བར་ཕེབས་ནས་སྦྱོང་བརྡར་བྱེད་བཞིན་པའི་ཤང་ཀང་གི་གཞོན་ནུ་ལོ་ཆུང་ལ་གཟིགས་གནང་བ་རེད། ཞི་ཅིན་ཕིང་གིས་ངས་གཞོན་ནུ་ལོ་ཆུང་གི་འཚར་ལོངས་ལ་དོ་ཁུར་དང་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། རྒྱུ་མཚན་ནི་ཁྱེད་ཚོ་ནི་མེས་རྒྱལ་གྱི་འབྱུང་འགྱུར་དང་རེ་བ་ཡིན། གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་མ་བྱུང་ཚེ་རྒྱལ་ཁབ་ལ་ཕུགས་ཡུན་རིང་བའི་འཕེལ་རྒྱས་ཡོང་མི་སྲིད། མི་རབས་རེ་རེའི་གཞོན་ནུ་ལོ་ཆུང་ཚང་མར་སོ་སོའི་ལོ་རྒྱུས་ཀྱི་འགན་འཁྲི་དང་གོ་སྐབས་ཡོད་པས་དེང་རབས་ཀྱི་ཤང་ཀང་གི་གཞོན་ནུ་ལོ་ཆུང་ཚོས་ལོ་རྒྱུས་ཀྱི་གོ་སྐབས་ལ་དམ་འཛིན་དང་ཡང་དག་པའི་ལམ་བུ་བདམས་ཏེ་ཤང་ཀང་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་དགོས་ཞེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས། ཉེན་རྟོག་རུ་ཁག་གིས་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག་པས་མིག་རྒྱང་ཧ་ཅང་རིང་པོ་འདུག ཤང་ཀང་གཞོན་ནུ་ལོ་ཆུང་ཉེན་དོན་ཆ་འཕྲིན་གྱིས་གཞོན་ནུ་ལོ་ཆུང་གི་སྒྲིག་བཀུར་ཁྲིམས་སྲུང་གི་འདུ་ཤེས་དང་། འགན་འཁྲི་ནན་སྲུང་གི་སྙིང་སྟོབས། གཞོན་ནུ་ལོ་ཆུང་གི་ལུས་སྟོབས་བཅས་གསོ་སྐྱོང་བྱེད་པའི་ཐད་ཕུགས་ཡུན་རིང་བའི་དོན་སྙིང་དང་དགེ་མཚན་ལྡན་པའི་ནུས་པ་ལྡན་འདུག་ཅེས་གསུངས་པ་དང་། ཞི་ཅིན་ཕིང་གིས་སློབ་མ་རྣམས་བྱ་བ་ལམ་འགྲོ་དང་། སློབ་སྦྱོང་ཡག་པོ། གཟུགས་པོ་བདེ་ཐང་། སྔ་ཙམ་འཇོན་ཐང་ཅན་དུ་འགྱུར་རྒྱུའི་སྨོན་འདུན་ཞུས་གནང་བ་རེད།
         ཤིན་ཧྭ་གསར་འགྱུར་ཁང་ཤང་ཀང་ནས་ཟླ་6ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤང་ཀང་དུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུང་ཅན་ཧྭ་དང་མཇལ་འཕྲད་གནང་བ་རེད།
          ཞི་ཅིན་ཕིང་གིས་ཏུང་ཅན་ཧྭ་ལ་ཁྱེད་རང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཐོག་མ་ཡིན་པའི་ངོས་ནས་ཤང་ཀང་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་བསྟར་བྱེད་མཁན་གསར་འབྱེད་བྱེད་མཁན་ཡིན་ཞེས་བརྗོད་ཆོག་ལ། གསར་གཏོད་རང་བཞིན་གྱི་ལས་དོན་ཡང་འབོར་ཆེན་བསྒྲུབས་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་ཁུར་ཚུན་ཁྱེད་རང་གིས་མུ་མཐུད་རྒྱལ་ཁབ་དང་ཤང་ཀང་གི་དར་རྒྱས་གོང་འཕེལ་ཆེད་ནུས་ཤུགས་ཆེན་པོ་བཏོན་ཡོད། ལོ་འདི་དག་ནང་ཁྱེད་རང་གིས་དུས་ཚོད་དང་། ནུས་ཤུགས། བློ་གྲོས། ཐོན་ཁུངས་བཅས་སྒེར་སེམས་མེད་པར་རྒྱལ་ཁབ་དང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་ཐད་སྐྱེས་སུ་ཕུལ་ཡོད་པས་མི་རྣམས་དགའ་མགུ་ཡི་རངས་བྱུང་ལ་རྗེས་རབས་པ་ཚོར་ཡང་རང་དཔེ་གཞན་སྟོན་བྱས་ཡོད། ཕྱིས་འབྱུང་ཁྱེད་རང་གིས་རྒྱལ་ཁབ་དང་ཤང་ཀང་གི་དར་རྒྱས་གོང་འཕེལ་ཁྲོད་མུ་མཐུད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།
           ཏུང་ཅན་ཧྭ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོང་ལ་ཐུགས་ཁུར་དང་སྐུལ་ལྕག་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་ནས་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་སྤོབས་པས་ཁེངས་ཡོད་ལ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་གཞིར་བཟུང་། ཤང་ཀང་གིས་དར་རྒྱས་དང་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་རྒྱུར་ཡིད་ཆེས་ཀྱིས་ཁེངས་པས། རང་ཉིད་ཀྱི་ནུས་ཤུགས་ཡོད་རྒུ་བཏོན་ཏེ་རྒྱལ་ཁབ་དང་ཤང་ཀང་ཆེད་མུ་མཐུད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཤིན་ཧྭ་གསར་འགྱུར་ཁང་ཤང་ཀང་ནས་ཟླ་6ཚེས་30ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤང་ཀང་དུ་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚུའེ་ཧྲེ་ཨན་དང་མཇལ་འཕྲད་གནང་བ་རེད།
          ཞི་ཅིན་ཕིང་གིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་དོན་འཁྱོལ་དང་། སྲིད་ཇུས་གཟབ་ནན་ངང་ལག་ལེན་བསྟར་བ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་སོགས་ཐད་དགེ་མཚན་ཆེ་ལ་ནུས་ལྡན་གྱི་ལས་ཀ་འབོར་ཆེན་བསྒྲུབས་ཡོད། ཀྲུང་དབྱང་གིས་དེའི་ཐད་ཁས་ལེན་གང་ལེགས་བྱེད་ཀྱི་ཡོད། དེང་སྐབས་ཨའོ་མོན་གྱི་སྤྱི་ཡོངས་ཀྱི་དུས་བབ་ལེགས་པོ་ཡོད་པ་དང་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་བྱུང་ཡོད། ཁྱེད་ཚོས་དཔལ་འབྱོར་འོས་འཚམ་ངང་ཕྱོགས་མང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་བྱས་ཏེ་ཏན་ཏིག་གཟབ་ནན་ངང་སྲིད་ཇུས་ལག་ལེན་བསྟར་ནས་ཨའོ་མོན་གྱི་རྣམ་པ་བཟང་པོ་བརྟན་དུ་གཏོང་རྒྱུའི་རེ་བ་ཡོད་ཅེས་ཞེས་གསུངས་པ་རེད།
         ཚུའེ་ཧྲེ་ཨན་གྱིས་ཞི་ཅིན་ཕིང་དང་ཀྲུང་དབྱང་སྲིད་གཞུང་གིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཨའོ་མོན་གྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་ལེན་བསྟར་བའི་གོ་སྐབས་དམ་འཛིན་དང་ཨའོ་མོན་ལ་ཕན་པའི་ཀྲུང་དབྱང་གི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས་རྒྱལ་ཁབ་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་དང་རང་ངོས་འཕེལ་རྒྱས་ཀྱི་འཇོན་ཐང་ཆེ་རུ་གཏོང་རྒྱུ་ཟུང་འབྲེལ་བྱས་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་བརྟན་པོའི་ངང་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
          ཤིན་ཧྭ་གསར་འགྱུར་ཁང་ཤང་ཀང་ནས་ཟླ་6ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་གི་སྒྲིག་གཞི་དང་ཀྲུང་གོའི་མ་རྩའི་སྒྲིག་གཞི་གཙོ་ཁག་གི་འགན་འཁུར་བ་དང་མཇལ་འཕྲད་གནང་བ་དང་འབྲེལ། གསུང་བཤད་གལ་ཆེན་ཡང་གནང་བ་རེད།
          ཞི་ཅིན་ཕིང་གིས་ཐོག་མར་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ཏེ་ཁོང་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།
           ཞི་ཅིན་ཕིང་གིས་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་རྒྱུ་ནི་འདི་ལོའི་རང་རྒྱལ་གྱི་ཆབ་སྲིད་ཀྱི་འཚོ་བའི་ནང་གི་དོན་ཆེན་ཞིག་རེད། ལོ་20ཡི་རིང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཤང་ཀང་དུ་ལག་ལེན་བསྟར་བར་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཁས་ལེན་ཐོབ་ཡོད། དོན་དངོས་ལས་ར་སྤྲོད་བྱས་པར“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་མཛད་ཇུས་ཤིག་ཡིན་པས། ལག་ལེན་བསྟར་ཐུབ་པ་དང་། དོན་ཐོག་ཏུ་འཁྱོལ་ཐུབ་པ། མི་སེམས་ལ་ཟུག་པ་བཅས་རེད། ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་གི་སྒྲིག་གཞི་དང་ཀྲུང་གོའི་མ་རྩའི་སྒྲིག་གཞིས་སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་དང་ས་ཁུལ་གཉིས་ཀྱི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་གསུངས།
           ཞི་ཅིན་ཕིང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཤང་ཀང་དུ་ལག་ལེན་བསྟར་རྒྱུ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བཞིན་པས། ཚང་མས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ཀྱི་གདེང་ཚོད་དང་ལག་ལེན་གྱི་རང་རྟོགས་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་ཞིང་། ཁོང་གིས་ཚང་མར་རེ་བ་4བཏོན་པ་སྟེ། འགན་ཁུར་ཕོད་པ་དང་འགན་འཁྲི་ཆུད་ཟོས་སུ་མི་གཏོང་བ་དང་། དཀའ་ངལ་ལ་མི་སྐྲག་པར་མདུན་སྐྱོད་དང་གསར་འབྱེད་གསར་གཏོད་བྱེད་པ། དོན་འཁྱོལ་ལ་དམ་འཛིན་དང་སྙིང་རུས་བརྟན་འཁྱོངས་བྱེད་པ། སྒྲིག་ཁྲིམས་ནན་སྲུང་དང་སྤྱོད་གཙང་གཞུང་དྲང་བཅས་བྱེད་དགོས།