མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་05ཉིན། 17:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་3ཉིན་གྱི་སྔ་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་ཞིང་། ཕྱོགས་གཉིས་པོས་ཀྲུང་ཨའི་འབྲེལ་བ་དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཧན་པའོ་དབུ་ཚོགས་སྐོར་ལ་དགོངས་འཆར་བརྗེ་རེས་གནང་བ་རེད།
         ཞི་ཅིན་ཕིང་གིས་ང་དང་སྐུ་ཞབས་ཙུང་ཐུང་ཁྱེད་མཚོ་མཚེའུ་གཞིས་ཀར་མཇལ་འཛོམས་བྱུང་ཚུན་ཀྲུང་ཨའི་འབྲེལ་བར་གྲུབ་འབྲས་གལ་ཆེན་ཐོབ་ཡོད། དུས་མཚུངས་སུ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཤུགས་རྐྱེན་བཟང་པོ་འགའ་ཞིག་ཀྱང་ཐེབས་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་རང་གི་ལངས་ཕྱོགས་གསལ་སྟོན་ཡང་བྱས་ཡོད། སྐུ་ཞབས་ཙུང་ཐུང་གིས་ཨ་རི་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་རྒྱུ་ཡིན་ཞེས་བསྐྱར་བསྒྲགས་གནང་བར་ང་ཚོས་མཐོང་ཆེན་པོ་བྱེད་ཀྱི་ཡོད་ལ། ཨ་རི་ཕྱོགས་ནས་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གཞིར་བཟུང་ཐའེ་དབན་དང་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་འོས་འཚམ་བྱ་རྒྱུའི་རེ་བའང་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་ཨ་ཕྱོགས་གཉིས་པོས་ཧའེ་ཧུའུ་གཞིས་ཀར་བྱུང་བའི་ཐུན་མོང་ངོས་འཛིན་གཞིར་བཟུང་། ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་སྟངས་འཛིན་ཡག་པོ་དང་། ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་གྱི་རྩ་དོན་མཐའ་འཁྱོངས། མཉམ་ལས་ལ་དམ་པོར་དམིགས་པ། མི་མཐུན་པའི་རིགས་དོ་དམ་ཚོད་འཛིན་བཅས་བྱས་ནས་ཀྲུང་ཨའི་འབྲེལ་བར་འཕེལ་རྒྱས་ངོ་མ་སྔར་བས་མང་བ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ཐེ་རོན་ཕུ་ཡིས་ཨ་ཀྲུང་གི་འབྲེལ་བར་མདུན་ལམ་ཆེ་བ་དང་རྒྱལ་ཁབ་གཉིས་པོར་ཐུན་མོང་གི་ཁེ་ཕན་མང་པོ་ལྡན་ཡོད་པས་ཕན་ཚུན་སྤེལ་ཟླ་བྱེད་རེས་བྱེད་ཆོག ཨ་རི་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་མུ་མཐུད་མཐའ་འཁྱོངས་བྱ་རྒྱུ་ཡིན། ལངས་ཕྱོགས་དེར་འགྱུར་བ་མེད་ཅེས་ངས་བསྐྱར་བསྒྲགས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
         ཐེ་རོན་ཕུས་འཇར་མན་གྱི་ཧན་པའོ་རུ་འཚོག་ཉེར་ཡོད་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ནི་གྲོས་དོན་རྒྱ་ཆེ་ལ་གལ་ཆེན་པོ་ཞིག་ཀྱང་རེད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་ཁྱེད་དང་དེ་བཞིན་འགོ་ཁྲིད་པ་གཞན་དག་ཚོ་དང་ཚང་མས་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་སྐོར་གྲོས་མོལ་གཏིང་ཟབ་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས།
         ཞི་ཅིན་ཕིང་གིས་མིག་སྔར་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་འགྲན་སློང་ཆེན་པོ་འཕྲད་པས་ཀྲུང་ཨ་རྒྱལ་ཁབ་གཉིས་པོས་ཁོངས་མིའི་རྒྱལ་ཁབ་གཞན་དང་མཉམ་དུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ནུས་པ་ཆེ་རུ་བཏང་ནས་མཉམ་ཤུགས་ཤིག་ཆགས་པར་བྱ་རྒྱུའི་དགོས་གལ་ཆེན་པོ་འདུག ཁོངས་མིའི་རྒྱལ་ཁབ་ཁག་གིས་འབྲེལ་གཏུག་དང་། མཐུན་སྦྱོར། མཉམ་ལས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ“མཉམ་འགུལ་འཛམ་གླིང་གཏོད”པའི་བརྗོད་དོན་གཙོ་བོར་དམིགས་ཏེ་ཧན་པའོ་དབུ་ཚོགས་ལ་གྲུབ་འབྲས་ཡག་པོ་ཐོབ་རྒྱུར་སྐུལ་འདེད་དང་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་དགོས་ཀྱི་འདུག་ཅེས་བསྟན་གནང་བ་རེད།
         ཕྱོགས་གཉིས་པོས་ད་དུང་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་སོགས་ཀྱི་གནད་དོན་ལ་ཡང་གྲོས་མོལ་གནང་བ་རེད།
         རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་འཇར་མན་གྱི་ཧན་པའོ་རུ་ཞལ་འཛོམས་གནང་སྟེ་ཚང་མས་དོ་ཁུར་བྱེད་པའི་གནད་དོན་སྐོར་ལ་མུ་མཐུད་དགོངས་འཆར་བརྗེ་རེས་གནང་རྒྱུའི་ཡིད་མཐུན་གནང་བ་རེད།