མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ལི་མའེ་ཏེ་ཝུའེ་ཅེ་ཕུའུ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་06ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁོར་ཨུ་རུ་སུའི་ཙུང་ལི་མའེ་ཏེ་ཝུའེ་ཅེ་ཕུའུ་དང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་མིག་སྔར་ཨུ་རུ་སུའི་དཔལ་འབྱོར་འཕེལ་རྒྱས་རྒྱུན་མཐུད་ལེགས་པོ་དང་སྤྱི་ཚོགས་བརྟན་ལྷིང་ཡོད། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་དམའ་རུ་འགྲོ་བ་དང་། རྒྱལ་སྤྱིའི་ཚོང་དོན་དང་མ་འཇོག་ཉམས་ཞན་དུ་འགྲོ་བའི་དུས་བབ་འོག ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་མ་འཇོག་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་བྱེད་ཤུགས་མུ་མཐུད་ཆེ་རུ་ཕྱིན་པས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོའི་འཕེལ་རྒྱས་དང་ཨུ་རུ་སུ་དང་མཉམ་ལས་བྱེད་པའི་ཆོད་སེམས་དེ་བློ་བརྟན་འགྱུར་མེད་ཅིག་ཡིན། ཨུ་རུ་སུ་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུར་ཡིད་ཆེས་ཆེན་པོ་ཡོད། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་དང་། ཕན་ཚུན་སྒོ་དབྱེ། མཉམ་ལས་རྒྱ་ཆེར་གཏོང་རྒྱུ་བཅས་མཐའ་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་པོ་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཡོང་རྒྱུར་ཆ་རྐྱེན་ཡག་པོ་ཞིག་གཏོད་པ་དང་། འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཀྱི་ཆེད་དུ་སྒུལ་ཤུགས་ཆེན་པོ་སྣོན་དགོས་ཞེས་མཛུབ་སྟོན་གནང་བ་རེད།
           ཞི་ཅིན་ཕིང་གིས་ཨུ་རུ་སུ་ནི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ཀྲུང་གོའི་རོགས་ཟླ་གལ་ཆེན་ཞིག་རེད། ཀྲུང་ཨུ་རྒྱལ་ཁབ་གཉིས་པོར་དངོས་སྒྲུབ་ཀྱི་མི་མངོན་པའི་ནུས་པ་ཧ་ཅང་ཆེ་ལ་མདུན་ལམ་ཡངས་པོ་ཡོད། ཕྱོགས་གཉིས་པོས་དཔལ་འབྱོར་ཉོ་ཚོང་དང་། མ་འཇོག ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་མཉམ་ལས་རྣམ་གྲངས་གལ་ཆེན་དོན་འཁྱོལ་བྱེད་པ་དང་མྱུར་བགྲོད་ལྕགས་ལམ་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མོ་སི་ཁོ་ནས་ཁེ་ཧྲན་བར་གྱི་མྱུར་བགྲོད་ལྕགས་ལམ་རྣམ་གྲངས་གང་མགྱོགས་སྐྲུན་འགོ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། ས་གནས་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས་ས་མཚམས་སྒྲོལ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཐོན་ཁུངས་གསར་སྤེལ། དེང་རབས་ཞིང་ལས། ཐོན་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གཞན་གྱི་སྔོན་ལ་སྐུལ་འདེད་གཏོང་བ། བྱང་སྣེའི་མཚོ་ཐོག་འགྲུལ་ལམ་ཐད་མཉམ་ལས་བྱེད་པ་དང“ཁྱགས་ཐོག་དར་གོས་ལམ་བུ”ཐུན་མོང་ཐོག་བཏོད་དེ་འབྲེལ་ཡོད་ཀྱི་ཕན་ཚུན་སྦྲེལ་མཐུད་རྣམ་གྲངས་དོན་འཁྱོལ་ཡག་པོ་བྱེད་པ། སློབ་གསོ་དང་། རིག་གནས། ལུས་རྩལ། ཡུལ་སྐོར། སྨྱན་སྦྱོར་སོགས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་རྒྱ་ཆེར་བཏང་ནས་ཕན་ཚུན་བསམ་ཤེས་དང་སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          མའེ་ཏེ་ཝུའེ་ཅེ་ཕུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ཨུ་རུ་སུར་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་པ་དང་། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་སྒྲུབ་རོགས་ཟླའི་མཉམ་ལས་དེ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་དང་འཚམ་ལ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལའང་ཕན་པ་ཡོད་པ་ཞིག་རེད། ཙུང་ཐུང་ཕུའུ་ཅིང་མི་རིང་བར་པེ་ཅིང་དུ་འཚོགས་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཞུགས་པ་དང་། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་གྱི་འགྲོ་འོང་མུ་མཐུད་ཟབ་ཏུ་བཏང་སྟེ། ཚོང་དོན་དང་། མ་འཇོག དངུལ་རྩ། ནུས་རྒྱུ། ཞིང་ལས། གནམ་གྲུ་བཟོ་སྐྲུན། རྨང་གཞིའི་སྒྲིག་བཀོད། བྱང་སྣེའི་མཚོ་ཐོག་འགྲུལ་ལམ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས་འབྲེལ་ཡོད་ཀྱི་གཙོ་གནད་མཉམ་ལས་རྣམ་གྲངས་དོན་འཁྱོལ་ཡག་པོ་བྱེད་འདོད་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་ས་གནས་ཀྱི་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་ཧུར་ཐག་བརྒྱབ་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་གསུངས་པ་རེད།