མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་06ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་འཛོམས་གནང་བ།

             མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཚེས་3ཉིན་གྱི་དགོང་མོ་མོ་སི་ཁོར་ཕེབས་འབྱོར་ཟིན་མ་ཐག་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕོ་བྲང་ཁེ་ལི་མུའུ་ལིན་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་འཛོམས་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་གནང་བ་དང་། ཀྲུང་ཨུའི་མཛའ་གྲོགས་སྐོར་ལྷུག་པོར་གླེང་བ་མ་ཟད། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འབྱུང་འགྱུར་གྱི་འཕེལ་རྒྱས་མཉམ་དུ་འཆར་འགོད་ཀྱང་གནང་བ་རེད།
           ཟླ་7པའི་ཟླ་འགོའི་མོ་སི་ཁོ་ཡི་ས་སྲོས་སྐབས་བསིལ་རླུང་དལ་བུར་ལྡང་བ་དང་ནུབ་ཁའི་ཉི་འོད་འོག་ཏུ་ཕོ་བྲང་ཁེ་ལི་མུའུ་ལིན་བཀྲག་མདངས་རྣམ་པར་འཚེར།
           ཞི་ཅིན་ཕིང་གིས་ང་སླར་ཡང་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བ་མ་ཟད། ཙུང་ཐུང་ཕུའུ་ཅིང་དང་ལྷན་དུ་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་བསམ་འཆར་བརྗེ་རེས་བྱ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀྲུང་ཨུ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླ་ཡིན་པས། གནད་དོན་གལ་ཆེན་ཐག་གཅོད་བྱེད་སྐབས་མཐུན་སྦྱོར་དང་སྦྲེལ་མཐུད་དམ་ཟབ་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན། ང་ཚོ་ཕྱོགས་གཉིས་པོས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་ཁེ་ཕན་ཐད་ཀྱི་ཕ་རོལ་པོའི་སྲིད་ཇུས་དང་བྱ་ཐབས་ལ་རྒྱབ་སྐྱོར་བརྟན་པོ་བྱེད་དགོས། ཕྱོགས་གཉིས་པོས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་སྲིད་ཇུས་ཀྱི་སྦྲེལ་མཐུད་དང་བྱ་སྤྱོད་ཀྱི་མཐུན་སྦྱོར་བྱ་ཤུགས་ཆེ་རུ་བཏང་སྟེ་ཐུན་མོང་ཐོག་ཉེན་ཁ་དང་འགྲན་སློང་སེལ་བ་དང་ཐུན་མོང་ཐོག་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
           ཕུའུ་ཅིང་གིས་ཞི་ཅིན་ཕིང་ཨུ་རུ་སུར་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། ཁོང་གིས་ཨུ་རུ་སུ་ཕྱོགས་ཀྱིས་ཨུ་ཀྲུང་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ངས་ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་ལ་ཤུགས་སྣོན་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་མཉམ་ལས་དམ་ཟབ་བྱ་རྒྱུར་མོས་མཐུན་བྱེད་ཀྱི་ཡོད། ཨུ་ཀྲུང་གཉིས་ནས་གཙོ་བདག་གི་ཕྱི་འབྲེལ་ལ་ཤུགས་སྣོན་བརྒྱབ་པ་དེས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་དང་སྐུལ་འདེད་ཀྱི་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ད་རེས་འཚམས་འདྲིར་ཕེབས་པ་དེས་ཨུ་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་གསོན་ཤུགས་དང་སྒུལ་ཤུགས་གསར་པ་སྣོན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
           རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་དང་སི་རི་ཡའི་གནད་དོན་སོགས་ཐད་དགོངས་ཚུལ་བརྗེ་རེས་གནང་བ་དང་། ཕྱོགས་གཉིས་པོས་ཀྲུང་ཨུ་ཕྱོགས་གཉིས་པོས་འཐབ་ཇུས་མཉམ་ལས་རྒྱུན་འཁྱོངས་བྱས་ཏེ་བར་འདུམ་ཡོང་བའི་བསླབ་བྱ་རྒྱག་པ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་བ་བརྒྱུད་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ལ་ཁ་གཏད་ཡག་པོ་གཅོག་པ་དང་། ཕྱོགས་ཁག་གིས་སྐད་ཆ་ཤོད་རེས་དང་གྲོས་མོལ་ལ་བརྟེན་ནས་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ཐག་གཅོད་འོས་འཚམ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ཐད་ཕྱོགས་གཉིས་པོའི་དབར་ངོས་འཛིན་གཅིག་མཐུན་བྱུང་བ་རེད། “ས་ཏེ”གནད་དོན་དེ་ས་ཁུལ་གྱི་འཐབ་ཇུས་དོ་སྙོམས་ཡོང་རྒྱུ་དང་འབྲེལ་བ་ཡོད་པས། ཧན་གོས“ས་ཏེ”འཕུར་མདེལ་འགོག་བྱེད་མ་ལག་བཀོད་སྒྲིག་བྱེད་པར་ངོ་རྒོལ་བྱེད་པའི་ཀྲུང་ཨུ་ཕྱོགས་གཉིས་པོའི་ལངས་ཕྱོགས་གཅིག་མཚུངས་ཡིན་པ་རེད།