མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཕུའུ་ཅིང་དང་ལྷན་དུ་ཀྲུང་ཨུ་མཛའ་གྲོགས་ཞི་བདེ་འཕེལ་རྒྱས་ཨུ་ལྷན་དང་
དེ་བཞིན་སྨྱན་སྦྱོར་དང་ཁེ་ལས་ཀྱི་འཐུས་མི་དང་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་07ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁོར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ལྷན་དུ་ཀྲུང་ཨུ་མཛའ་གྲོགས་དང་། ཞི་བདེ་དང་འཕེལ་རྒྱས་ཨུ་ལྷན། སྨྱན་སྦྱོར་དང་ཁེ་ལས་ལས་རིགས་བཅས་ཀྱི་འཐུས་མི་དང་མཇལ་འཕྲད་གནང་བ་རེད།
           ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་མང་རིང་། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཀྱི་དགོངས་དོན་གཞིར་བཟུང་ནས། རྒྱལ་ཁབ་ཆེན་པོ་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་འབྲེལ་བའི་དཔེ་སྟོན་བཏོད་ཅིང་། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་དང་མཉམ་ལས་གཉིས་ཁེ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ལོ་རྒྱུས་ཀྱི་གདམ་ག་རེད་ལ། ཡུན་རིང་ཞི་བདེ་དང་། ཐུན་མོང་ཐོག་དར་རྒྱས། འཛམ་གླིང་ལ་སྒོ་དབྱེ་དཀྱེལ་ཆེ་བྱེད་པའི་དོན་དངོས་ཀྱི་དགོས་མཁོ་ཡང་རེད། ཕྱི་རོལ་གྱི་ཁོར་ཡུག་འགྱུར་ལྡོག་ཇི་ལྟར་ཕྱིན་ཡང་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ང་ཚོའི་ཆོད་སེམས་དང་ཡིད་ཆེས་ལ་འགྱུར་བ་སྤུ་ཙམ་ཡང་ཡོང་མི་སྲིད།
          ཞི་ཅིན་ཕིང་གིས། ཀྲུང་ཨུ་མཛའ་གྲོགས་ཞི་བདེ་འཕེལ་རྒྱས་ཨུ་ལྷན་བཙུགས་ནས་ལོ་20སོང་ཚུན། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་སྤེལ་རེས་ཀྱི་ཐབས་ལམ་གཙོ་བོ་ཡིན་པའི་ངོས་ནས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྐྱོན་བྲལ་དང་བརྟན་ལྷིང་ངང་འཕེལ་རྒྱས་བདེ་བླག་གཏོང་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཨུ་ཀྲུང་མཛའ་གྲོགས་མཐུན་ཚོགས་བཙུགས་ནས་ལོ་60སོང་ཚུན། ཀྲུང་གོ་དང་མཛའ་ཞིང་མཐུན་པ་བྱ་རྒྱུའི་དགོངས་དོན་གཞིར་བཟུང་། ཀྲུང་ཨུའི་མཛའ་མཐུན་གྱི་སྤྱི་ཚོགས་དང་དམངས་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུར་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེ་རིང་འདི་གར་བཞུགས་པའི་ལྷན་རྒྱས་ཁྲོད་ཀྲུང་ཨུའི་སྲོལ་རྒྱུན་གྱི་མཛའ་གྲོགས་བརྒྱུད་སྤེལ་བྱེད་པའི་རྐང་འཛིན་སྟོབས་ཤུགས་ཡོད་ལ། ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱི་སྟོབས་ཤུགས་གསར་པའང་ཡོད། ལོ་མང་རིང་། ཁྱེད་ཚོས་ཀྲུང་ཨུའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་བྱ་གཞག་ལ་རྩེ་གཅིག་ཏུ་གཞོལ་ནས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་ནི་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་བློ་རྩ་བརྟན་པའི་རྒྱབ་སྐྱོར་མཁན་དང་ཞུགས་མཁན་རེད།
          ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨུ་རུ་སུ་ནི་རི་ཆུ་འབྲེལ་བའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པས། ང་ཚོས་ལག་གདང་སྦྲེལ་ནས་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གྱིས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུར་འབད་འབུངས་བྱེད་དགོས་ལ། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་བཅངས་པའི་ཕུགས་འདུན་བཟང་པོ་མཉམ་དུ་སྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད།
          ཕུའུ་ཅིང་གིས། དམངས་ཁྲོད་མཛའ་གྲོགས་སྤེལ་རེས་ལས་ཨུ་ཀྲུང་འབྲེལ་བར་ཤུགས་སྣོན་རྒྱག་པ་དང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་པས། ཀྲུང་ཨུ་མཛའ་གྲོགས་ཞི་བདེ་འཕེལ་རྒྱས་ཨུ་ལྷན། ཨུ་ཀྲུང་མཛའ་གྲོགས་མཐུན་ཚོགས་སོགས་མཛའ་གྲོགས་ཚོགས་པ་དང་། རྒྱལ་ཁབ་གཉིས་པོའི་ཁེ་ལས་ལས་རིགས། རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་བཅས་ཀྱིས་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཐེངས་ཀྲུའུ་ཞི་ཞི་ཅིན་ཕིང་ཨུ་རུ་སུར་འཚམས་འདྲིར་ཕེབས་རིང་། ཨུ་ཀྲུང་ཕྱོགས་གཉིས་པོའི་དབར་མཉམ་ལས་ཀྱི་འཆར་འགོད་མང་པོ་བཞག་ཡོད། འཆར་འགོད་དེ་དག་དོན་འཁྱོལ་བྱེད་པར་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་སྡེ་ཚན་གྱི་འབད་བརྩོན་ལ་རག་ལུས་ཡོད་ལ། རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ལས་རིགས་ཁག་གིས་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུར་ཡང་རག་ལུས་ཡོད་ཅེས་གསུངས་པ་རེད།