མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་08ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་མཇལ་འཛོམས་གནང་བ།

           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོང་ཁྱེར་པེར་ལིན་དུ་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་ཀྲུང་ཧན་རྒྱལ་ཁབ་གཉིས་པོའི་ས་ཁམས་ཆགས་ཚུལ་འདྲ་ལ་རིག་གནས་ཀྱང་གཅིག་ཏུ་མཐུན་པས་གསབ་རེས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་25ཡི་རིང་ཀྲུང་ཧན་ཕྱོགས་གཉིས་པོས་ཕྱི་འབྲེལ་འཛུགས་སྐབས་ཀྱི་མཉམ་འབྲེལ་སྤྱི་བསྒྲགས་ཀྱི་དགོངས་དོན་ལག་ལེན་བསྟར་བ་དང་ཆབས་ཅིག་ཕན་ཚུན་བསམ་ཤེས་དང་ཕན་ཚུན་བརྩི་འཇོག་གི་རྩ་དོན་གཞིར་བཟུང་ཀྲུང་ཧན་དབར་གྱི་འབྲེལ་བ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་ཧ་ཅང་ཆེན་པོ་སྦྱིན་པ་དང་ས་ཁུལ་ཞི་བདེ་དང་། དར་རྒྱས། བརྟན་ལྷིང་བཅས་ཡོང་ཕྱིར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བསྟན་གནང་བ་རེད།
         ཞི་ཅིན་ཕིང་གིས་ཙུང་ཐུང་ཁྱེད་ཀྱིས་ཧན་གོ་སྲིད་གཞུང་གི་སྐུ་ཚབ་ཚོགས་པ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཞུགས་པར་མངགས་པ་དང་ཆེད་བསྐོས་ཕོ་ཉ་ཀྲུང་གོར་མཚན་འགོད་ཡི་གེ་སྐྱེལ་བར་མངགས་ནས་ཀྲུང་ཧན་དབར་གྱི་འབྲེལ་བ་ལེགས་སུ་དང་འཕེལ་རྒྱས་གཏོང་རྒྱུ་དང་ཚོར་སྣང་སྐྱེན་པའི་གནད་དོན་ཐག་གཅོད་འོས་འཚམ་བྱ་རྒྱུའི་བློ་མོས་བཟང་པོ་མཚོན་པར་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན། སྐབས་ཤིག་རིང་ཀྲུང་ཧན་དབར་གྱི་འབྲེལ་བར་དཀའ་ངལ་འཕྲད་པ་ནི་ང་ཚོས་མཐོང་འདོད་མེད་པ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་དང་ཀྲུང་ཧན་དབར་གྱི་འབྲེལ་བར་མཐོང་ཆེན་པོ་བྱེད་པ་དང་ཀྲུང་ཧན་དབར་གྱི་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་གཞོལ་བའི་ལངས་ཕྱོགས་ལ་འགྱུར་བ་མེད། ང་ཚོས་ཀྲུང་ཧན་དབར་ཕྱི་འབྲེལ་བཙུགས་ནས་ལོ་25འཁོར་བའི་སྐབས་དང་བསྟུན་ཏེ་ཧན་གོ་ཕྱོགས་དང་མཉམ་དུ་ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན་གྱི་ཉམས་མྱོང་དང་བསླབ་བྱ་ནན་ཏན་ངང་ཕྱིར་དྲན་དང་ཕྱོགས་སྡོམ་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་མཉམ་དུ་མདུན་སྐྱོད་ཀྱིས་ཀྲུང་ཧན་དབར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་སྲོལ་ལམ་ཡང་དག་ཐོག་བསྐྱར་ལོག་ཐུབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་ཧན་དབར་གྱི་འབྲེལ་བ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དང་འཕེལ་རྒྱས་ཡག་པོ་གཏོང་རྒྱུ་ནི་ཕྱོགས་གཉིས་པོའི་ཐུན་མོང་གི་འགན་འཁྲི་རེད། ཕྱོགས་གཉིས་པོས་སྤྱི་ཡོངས་ལ་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ་ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་གཞི་གལ་ཆེན་ལ་བརྩི་འཇོག་བྱེད་དགོས། སླད་ཕྱིན་ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ལུགས་མཐུན་དོ་ཁུར་ལ་མཐོང་ཆེན་གྱིས་འབྲེལ་ཡོད་གནད་དོན་ཐག་གཅོད་འོས་འཚམ་བྱས་ནས་ཀྲུང་ཧན་དབར་གྱི་འབྲེལ་བ་ལེགས་སུ་དང་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་འགལ་རྐྱེན་སེལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
          ཝུན་ཙའེ་དབྱིན་གྱིས་ཧན་ཀྲུང་དབར་གྱི་འབྲེལ་བར་ཧན་གོ་ཕྱོགས་ཀྱིས་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཧན་ཀྲུང་རྒྱལ་ཁབ་གཉིས་དབར་གྱི་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། རྒྱ་ཁྱབ་ཀྱི་ཐུན་མོང་ཁེ་ཕན་ལྡན་པ་མ་ཟད། ད་དུང་མཉམ་ལས་ཀྱི་རོགས་ཟླ་གལ་ཆེན་ལའང་གྱུར་ཡོད། ངས་ཧན་གོའི་ཙུང་ཐུང་གི་འགན་བླངས་ཚུན་ཀྲུང་གོ་ཕྱོགས་དང་མཉམ་འགུལ་བྱ་སྤྱོད་ཧུར་ཐག་སྤེལ་བ་ཡིན། ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ཀྱིས“ཧྲེ་གཡོད”རྟགས་ཅན་གྱི་དིམ་གྲུ་འདོན་རོགས་བྱས་པར་ངས་ཧན་གོའི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཧན་ཀྲུང་དབར་གྱི་འབྲེལ་བ་དེ་དངོས་ཡོད་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་གཏོད་འདོད་ཡོད། ངས་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་དོ་ཁུར་ལ་བསམ་ཤེས་གང་ལེགས་ཐུབ་ཀྱི་འདུག ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་དམ་ཟབ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
          རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ཐད་གཟིགས་ཚུལ་བརྗེ་རེས་གནང་ཞིང་། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པ་བཟོ་རྒྱུ་མཐའ་འཁྱོངས་དང་། ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས། གྲོས་མོལ་བརྒྱུད་གནད་དོན་ཐག་གཅོད་རྒྱུ་མཐའ་འཁྱོངས་བཅས་བྱ་རྒྱུ་ཡིན། འབྲེལ་ཡོད་ཕྱོགས་ཚང་མས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལ་སྲུང་བརྩི་ནན་པོ་ཞུ་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧན་གོའི་སྲིད་གཞུང་གསར་པས་ཁྲའོ་ཞན་ཕྱོགས་དང་འབྲེལ་གཏུག་བྱས་ནས་གྲོས་མོལ་བྱ་རྒྱུ་དང་འབྲེལ་བ་ལེགས་སུ་གཏོང་རྒྱུའི་བྱ་སྤྱོད་བསྐྱར་དུ་སྤེལ་འགོ་འཛུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས་ཕྱེད་གླིང་གི་དུས་བབ་ཞི་ལྷོད་དུ་གཏོང་ཕྱིར་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས་ཞེས་གསུངས་པ་རེད།