མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་མཇལ་འཛོམས་
གཙོ་སྐྱོང་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་09ཉིན། 16:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་མཇལ་འཛོམས་
གཙོ་སྐྱོང་གནང་བ།

             མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་7ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧན་པའོ་རུ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་མཇལ་འཛོམས་གཙོ་སྐྱོང་གནང་བ་དང་འབྲེལ། ཁྲིད་སྟོན་རང་བཞིན་གྱི་གསུང་བཤད་དང་ཕྱོགས་སྡོམ་གསུང་བཤད་ཀྱང་གནང་ཞིང་། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མཱ་དང་། པར་ཙིར་གྱི་ཙུང་ཐུང་ཐེ་མེའར། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། རྒྱ་གར་གྱི་ཙུང་ལི་མོ་ཏི་བཅས་ཕེབས་པ་རེད། རྒྱལ་ཁབ་ལྔ་པོའི་འགོ་ཁྲིད་པས་འཛམ་གླིང་གི་ཆབ་སྲིད་དཔལ་འབྱོར་དུས་བབ་དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་གཙོ་གནད་གྲོས་འགོར་དམིགས་ཏེ་དགོངས་འཆར་བརྗེ་རེས་གནང་ཞིང་། འབོ་གསེར་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་སྟོབས་ཤུགས་གཅིག་སྒྲིལ་གྱིས་འཛུགས་རྒྱུ། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྒྲིག་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་རྒྱུ། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་ཐུན་མོང་ངོས་འཛིན་གལ་ཆེན་བྱུང་བ་རེད།
          ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། མིག་སྔར་འཛམ་གླིང་གི་དཔལ་འབྱོར་ཐད་རྣམ་པ་བཟང་པོ་འགའ་ཞིག་ཐོན་པ་དང་འབོ་གསེར་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཁྱབ་ངང་ལེགས་སུ་ཕྱིན་པ་དེ་མི་སེམས་འགུལ་བ་ཞིག་ཡོད། དུས་མཚུངས་སུ་འབོ་གསེར་རྒྱལ་ཁབ་ཀྱིས་དོ་ཁུར་ཆེན་པོ་བྱེད་དགོས་པ་དང་ཁ་གཏད་འོས་འཚམ་གཅོག་དགོས་པའི་འགྲན་སློང་འགའ་ཞིག་ཀྱང་འཕྲད་ཡོད། ད་རེས་ཀྱི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་འདི་ཉིད་འཛམ་གླིང་གི་ཆབ་སྲིད་དཔལ་འབྱོར་དུས་བབ་ལེགས་སྒྲིག་གཏིང་ཟབ་བྱེད་དགོས་པའི་གནད་དོན་འཕྲད་པའི་དུས་སྐབས་གལ་ཆེན་དང་ཏག་ཏག་འཁེལ་ཡོད། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མི་གལ་ཆེན་ཡིན་པའི་འབོ་གསེར་རྒྱལ་ཁབ་ཀྱིས་ཀྲུའུ་ཞིའི་རྒྱལ་ཁབ་འཇར་མན་ལ་ཧན་པའོ་དབུ་ཚོགས་ཡག་པོ་གཉེར་རྒྱུར་རོགས་རམ་བྱས་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་པ་དང་། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པ། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཚུལ་བརྟན་པོར་སྐུལ་འདེད་གཏོང་བ་བཅས་ལ་གཞོལ་བའི་བརྡ་རྟགས་ཡག་པོ་ཞིག་གཏོང་དགོས་ཞེས་བསྟན་གནང་བ་རེད།
           ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱིས་སྒོ་དབྱེ་བསྟུན་མཁས་དང་མཉམ་ལས་གཉིས་ཕན་གྱི་རོགས་ཟླའི་སྙིང་སྟོབས་དར་སྤེལ་བཏང་སྟེ་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་དང་། ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་། མཉམ་སྒུལ་འཕེལ་རྒྱས་ཡོང་ཐབས་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་སྟེ།
          གཅིག་ནས་ང་ཚོས་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས་ཤིང་། ཕྱོགས་མང་ཚོང་དོན་ལམ་སྲོལ་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག་དཔལ་འབྱོར་གོ་ལ་ཅན་འདི་ཉིད་སྒོ་དབྱེ་དང་། བསྟུན་མཁས། ཀུན་ཕན། དོ་སྙོམས། གཉིས་ཕན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་མི་དམངས་ཡོངས་ལ་དཔལ་འབྱོར་འཕར་བ་དང་དཔལ་འབྱོར་གོ་ལ་ཅན་དུ་གྱུར་པའི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས་པ་དང་།
          གཉིས་ནས་ང་ཚོས་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་དགོས་ཤིང་། ཕྱོགས་ཁག་གིས་ཆབ་སྲིད་དང་ཞི་བདེའི་བྱེད་སྟངས་སྤྱད་དེ་ས་ཁུལ་གྱི་གདོང་ཐུག་དང་རྩོད་གཞི་སེལ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཁག་ཞི་བདེ་མཉམ་གནས་དང་མཉམ་ལས་གཉིས་ཕན་ཡོང་ཧུར་ཐག་བྱེད་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ལམ་སྲོལ་གང་ལེགས་སྤྱོད་རྒྱུ་དར་སྤེལ་གཏོང་བ་བཅས་བྱས་ནས་རྒྱལ་སྤྱིའི་ལམ་སྲོལ་ཐུན་མོང་ཐོག་གྲོས་བསྡུར་བྱེད་དགོས་པ་དང་། རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་འཛུགས་སྐྱོང་བྱེད་དགོས་པ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་སྣ་ཚོགས་ལ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས་པ།
          གསུམ་ནས་ང་ཚོས་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་གླེང་སྟེགས་གཙོ་བོ་ཞིག་ཡིན་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་གནས་བབ་ཐུན་མོང་ཐོག་སྲ་བརྟན་དུ་གཏོང་བ་དང་། དཔལ་འབྱོར་དངོས་ཚན་གཙོ་བོས་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ལ་བརྟེན་ནས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཧང་ཀྲོའུ་དབུ་ཚོགས་དང་སྐབས་རིམ་བྱུང་དབུ་ཚོགས་ཀྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱེད་པ་བཅས་བྱས་ནས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འཕེལ་རྒྱས་ཀྱི་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས་པ། 
          བཞི་ནས་ང་ཚོས་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། རྒྱལ་ཁབ་ཉི་ཤུ་ཚོགས་པས་ཧང་ཀྲོའུ་དབུ་ཚོགས་ཀྱི་འབྲེལ་ཡོད་2030ལོར་སླེབས་སྐབས་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བྱ་རྒྱུའི་གྲོས་རིམ་སྐོར་གྱི་བྱ་སྤྱོད་འཆར་གཞི་དང་དེ་བཞིན་ཨ་ཧྥེ་རི་ཁ་དང་འཕེལ་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་བཟོ་ལས་ཅན་དུ་འགྱུར་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་གྲོས་འགོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷག་པར་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐུལ་ཁྲིད་བྱེད་པ། ཁོང་ཚོར་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་རོགས་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་ཐབས་ཧུར་ཐག་བྱེད་དགོས་པ་བཅས་རེད།
           ཞི་ཅིན་ཕིང་གིས་ཟླ་གཉིས་ཀྱི་རྗེས་སུ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་དེ་ཀྲུང་གོའི་ཞ་མོན་དུ་བྱ་རྒྱུ་ཡིན། མིག་སྔར་མཇལ་འཛོམས་ཀྱི་གྲ་སྒྲིག་ལས་དོན་ཁག་བདེ་བླག་ངང་སྤེལ་བཞིན་ཡོད། ངས་སྐབས་དེར་ཚང་མ་དང་མཉམ་དུ“འབོ་གསེར་རྒྱལ་ཁབ་ཀྱི་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་ནས་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་པ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་ཞ་མོན་མཇལ་འཛོམས་ལ་ཕུན་སུམ་ཚོགས་པའི་གྲུབ་འབྲས་ཐོབ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་འབོ་གསེར་གྱི་མཉམ་ལས་ཟབ་ཏུ་གཏོང་རྒྱུར་སྒུལ་ཤུགས་གསར་པ་སྣོན་རྒྱུ་དང་། གོ་ལ་ཧྲིལ་པོ་བཅོས་སྒྲིག་བྱེད་སྟངས་འཐུས་ཚང་དུ་གཏོང་རྒྱུར་ཇུས་གཞི་གསར་པ་འདོན་རྒྱུ། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ལེགས་སྐྱེས་གསར་པ་འབུལ་རྒྱུ་བཅས་ཀྱི་རེ་སྒུག་བྱེད་བཞིན་ཡོད་ཅེས་ནན་བཤད་གནང་བ་རེད།