མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་དང་། དབྱིན་ཇིའི་དབུ་བཞུགས་བློན་ཆེན། རི་པིན་གྱི་
དབུ་བཞུགས་བློན་ཆེན་བཅས་སོ་སོ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་10ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་8ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧན་པའོ་རུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན། ཚང་མས་རང་བཙན་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་མཐའ་འཁྱོངས་བྱེད་པ་དང་། ཚང་མས་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་》གྱི་དམིགས་ཡུལ་དང་རྩ་དོན་སྲོག་ཤིང་དུ་འཛིན་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་པ། ཚང་མས་ཤེས་རིག་མི་འདྲ་བ་ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུའི་འདོད་ཚུལ་འཛིན་པ་བཅས་བྱེད་ཀྱི་ཡོད། དེང་གི་དུས་བབ་འོག་ཀྲུང་ཧྥའི་འབྲེལ་བའི་འཐབ་ཇུས་རང་བཞིན་སྔར་བས་ཆེ་རུ་ཕྱིན་ཡོད། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པ་ནི་ཀྲུང་ཧྥའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྨང་གཞི་དང་འགན་ལེན་ཡིན། གསར་འབྱེད་གསར་གཏོད་ནི་ཀྲུང་ཧྥའི་འབྲེལ་བར་ནམ་ཡང་གསོན་ཤུགས་མངོན་པའི་འབྱུང་རྩ་ཡིན། ཕན་འབྲས་ཐོན་པའི་རྒྱལ་སྤྱིའི་མཉམ་ལས་ནི་ཀྲུང་ཧྥའི་འབྲེལ་བའི་ཁྱད་ཆོས་གལ་ཆེན་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ལ་བསམ་བློ་གཏོང་བའི་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་མུ་མཐུད་ལྟ་སྟངས་འཛིན་ཏེ་ཀྲུང་ཧྥའི་འབྲེལ་བ་དེ་བས་འཕེལ་རྒྱས་ཡག་པོ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ཚེས་7ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧན་པའོ་རུ་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐེ་ལུའེ་ཧྲ·མེ་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་ང་དང་དབུ་བཞུགས་བློན་ཆེན་མཁྱེན་ལྡན་མ་ན་ནིང་གི་ཟླ་དགུ་པར་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཧང་ཀྲོའུ་དབུ་ཚོགས་ཐོག་མཇལ་འཛོམས་གནང་སྐབས་ཀྲུང་དབྱིན་འབྲེལ་བའི“རྫོགས་ལྡན་དུས་རབས”ཀྱི་ཁ་ཕྱོགས་ཆེན་པོ་སླར་ཡང་གཏན་འཁེལ་བྱས་པ་ཡིན། ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་འོག་ཀྲུང་དབྱིན་འཐབ་ཇུས་ལ་ཕན་ཚུན་ཡིད་ཆེས་ཟབ་ཏུ་ཕྱིན་ནས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ཆུ་ཚད་མཐོ་པོའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད། འདི་ལོ་ནི་ཀྲུང་གོ་དང་དབྱིན་ཇིའི་དབར་གཞུང་ཚབ་ཆེ་མོ་བ་རིམ་པའི་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་45འཁོར་བའི་ལོ་ཞིག་ཡིན་པས་ཕྱོགས་གཉིས་པོའི་འབྲེལ་བར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇི་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་དབྱིན་ཇིའི་དུས་རབས་21པར་ཁ་ཕྱོགས་པའི་གོ་ལ་ཧྲིལ་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་མང་བ་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
         ཚེས་8ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཧན་པའོ་རུ་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་དང་རི་པིན་ཕན་ཚུན་གལ་ཆེའི་ཁྱིམ་མཚེས་ཡིན། ཀྲུང་རིའི་འབྲེལ་བ་སྐྱོན་བྲལ་འཕེལ་རྒྱས་འགྲོ་བ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་དང་འབྲེལ་བ་ཡོད་ལ། ཨེ་ཤེ་ཡ་དང་འཛམ་གླིང་ལའང་ཤུགས་རྐྱེན་ཆེན་པོ་ལྡན་ཡོད། འདི་ལོ་ནི་ཀྲུང་གོ་དང་རི་པིན་དབར་གྱི་འབྲེལ་བ་རྒྱུན་གཏན་ཅན་དུ་གྱུར་ནས་ལོ་45འཁོར་བའི་ལོ་ཞིག་ཡིན་པ་དང་སང་ལོ་ནི་ཀྲུང་གོ་དང་རི་པིན་དབར་ཞི་བདེའི་མཛའ་མཐུན་ཆིངས་ཡིག་བཞག་ནས་ལོ་40འཁོར་བའི་ལོ་ཞིག་ཡིན་པས་ཕྱོགས་གཉིས་པོས་ལས་འགན་སྒྲུབ་སེམས་དང་འགན་འཁྲི་ཁུར་སེམས་ཆེ་རུ་བཏང་སྟེ་ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་འབྱུང་འགྱུར་ལ་ཁ་ཕྱོགས་པའི་སྙིང་སྟོབས་ཐོག་ནས་འགལ་རྐྱེན་སེལ་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡང་དག་པའི་ཕྱོགས་སུ་ལེགས་གཏོང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།