མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་གཉིས་པར་ཞུགས་
པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་10ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།

           མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་གཉིས་པ་དེ་ཚེས་7ཉིན་འཇར་མན་གྱི་ཧན་པའོ་རུ་འཚོགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་《སྒོ་འབྱེད་དང་བསྟུན་མཁས་མཐའ་འཁྱོངས་བྱས་ནས་མཉམ་འགུལ་ངང་འཕར་རྒྱུར་སྐུལ་མ་གཏོང་དགོས་》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པས་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་རྒྱུའི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་ཀྱིས་འཛམ་གླིང་གི་དཔལ་འབྱོར་འཕར་ཆེད་སྒུལ་ཤུགས་གསར་པ་སྔོག་འདོན་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྔར་བས་བསྟུན་མཁས་བྱེད་པ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྒྲིག་འཐུས་ཚང་དུ་གཏོང་བ། མཉམ་འགུལ་ངང་འཕར་རྒྱུར་སྐུལ་མ་གཏོང་བ། ཐུན་མོང་དར་རྒྱས་ཡོང་བར་སྐུལ་མ་གཏོང་བ་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུའི་དམིགས་ཚད་ཕྱོགས་སུ་བསྐྱོད་དགོས་པའི་ནན་བཤད་གནང་བ་རེད།
         དབུ་ཚོགས་མ་འཚོག་གོང་ཞི་ཅིན་ཕིང་དང་ཚོགས་ཞུགས་འགོ་ཁྲིད་པ་གཞན་རིམ་པས་ཕེབས་འབྱོར་ཟིན་པར་འཇར་མན་གྱི་ཙུང་ལི་མོ་ཁེར་གྱིས་ཕེབས་བསུ་ཞུས་པ་རེད།
          ས་གནས་དེ་གའི་དུས་ཚོད་ཕྱི་དྲོའི་ཆུ་ཚོད་དང་པོར་དབུ་ཚོགས་འགོ་ཚུགས་པ་རེད། མོ་ཁེར་གྱིས་དབུ་ཚོགས་གཙོ་སྐྱོང་གནང་བ་རེད། དབུ་ཚོགས་ཀྱི་བརྗོད་དོན་གཙོ་བ་ནི“མཉམ་འགུལ་འཛམ་གླིང་བསྐྲུན་རྒྱུ”དེ་ཡིན་པ་དང་ཚོགས་ཞུགས་འགོ་ཁྲིད་པས་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུ་དང་། ཚོང་དོན། རྒྱུན་མཐུད་འཕེལ་རྒྱས། གནམ་གཤིས་འགྱུར་ལྡོག ནུས་རྒྱུ་སོགས་ཀྱི་གྲོས་འགོའི་ཐད་གྲོས་བསྡུར་གནང་བ་རེད།
          ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་མིག་སྔར་འཛམ་གླིང་གི་དཔལ་འབྱོར་ལེགས་པའི་ཕྱོགས་སུ་གོང་འཕེལ་འགྲོ་བ་དང་དུས་མཚུངས་འཛམ་གླིང་དཔལ་འབྱོར་ཁྲོད་ཀྱི་གཏིང་ཟབ་པའི་གནད་དོན་ད་དུང་ཐག་གཅོད་བྱུང་མེད་པར་སྔར་བཞིན་བརྟན་པོ་མེད་པ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་མང་པོ་གནས་ཡོད། འགྲན་སློང་ལ་ཕྱོགས་ནས་ཧང་ཀྲོའུ་དབུ་ཚོགས་ཐོག་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཇུས་གཞི་བཏོན་ཡོད་པ་ནི། གསར་གཏོད་དང་། གསོན་ཤུགས། མཉམ་འགུལ། བསྟུན་མཁས་བཅས་ཀྱི་འཛམ་གླིང་དཔལ་འབྱོར་བསྐྲུན་དགོས་ཞེས་བཏོན་ཡོད། ཧན་པའོ་དབུ་ཚོགས་ཀྱིས“མཉམ་འགུལ་འཛམ་གླིང་བསྐྲུན་རྒྱུ”དེ་བརྗོད་དོན་གཙོ་བོར་བྱས་ནས་ཧང་ཀྲོའུ་དབུ་ཚོགས་དང་གཅིག་རྒྱུན་གཅིག་འཛིན་བྱས་ཡོད། ང་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་འདུ་ཤེས་དེ་དག་བྱ་སྤྱོད་དུ་འགྱུར་བ་བྱེད་དགོས་པ་སྟེ། དང་པོ། ང་ཚོས་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་རྒྱུའི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་བྱས་ནས་སྒོ་འབྱེད་འཕེལ་རྒྱས་དང་གཉིས་ཁེ་གཉིས་ཕན་གྱི་ལམ་བུའི་ཐོག་བསྐྱོད་དེ་འཛམ་གླིང་དཔལ་འབྱོར་གྱི་བྱ་བ་ཆེན་པོ་དེ་ཐུན་མོང་ཐོག་ཡག་པོ་སྒྲུབ་དགོས་པ་དང་། གཉིས་པ། ང་ཚོས་ཐུན་མོང་ཐོག་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྒུལ་ཤུགས་གསར་པ་སྔོག་འདོན་བྱས་ནས་གྲངས་གཞིའི་དཔལ་འབྱོར་དང་བཟོ་ལས་གསར་བརྗེ་གསར་པའི་ཁྱབ་ཁོངས་ནང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལག་རྩལ་གསར་པ་དང་། ཐོན་ལས་གསར་པ། དཔེ་དབྱིབས་གསར་པ། ཐོན་རྫས་གསར་པ་བཅས་ཐུན་མོང་ཐོག་གཏོད་དགོས་པ། གསུམ་པ། ང་ཚོས་ལག་གདང་སྦྲེལ་ཏེ་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུ་དང་སྔར་བས་བསྟུན་མཁས་བྱས་ནས་མུ་མཐུད་དཔལ་འབྱོར་གྱི་སྲིད་ཇུས་དང་སྤྱི་ཚོགས་ཀྱི་སྲིད་ཇུས་ཟུང་འབྲེལ་ནུས་ལྡན་གྱིས་ཐོན་ལས་རིམ་སྤོར་དང་ཤེས་བྱ་དང་རྩལ་ནུས་རམ་འདེགས་ཡག་པོ་མ་བྱུང་བ་ལས་ཐོན་པའི་འགྲན་སློང་ཐག་གཅོད་བྱས་ཏེ་སློབ་གསོ་གསོ་སྦྱོང་དང་། ལས་ཞུགས་ལས་གཏོད། བགོ་བཤའི་ལམ་སྲོལ་བཅས་ཐད་ཀྱི་སྤེལ་རེས་མཉམ་ལས་ལ་སྔར་བས་མཐོང་ཆེན་བྱེད་དགོས་པ། བཞི་པ། ང་ཚོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྒྲིག་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཁོག་སྲིད་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། དངུལ་རྩའི་ཁྲོམ་རའི་ཉམས་ཉེན་སྔོན་འགོག་བྱེད་པ། ཀུན་ཕན་གྱི་དངུལ་རྩ་དང་ལྗང་མདོག་དངུལ་རྩ་གོང་འཕེལ་གཏོང་བ་བཅས་བྱས་ནས་དངུལ་རྩའི་ལས་རིགས་ཀྱིས་དངོས་ཚན་དཔལ་འབྱོར་གོང་འཕེལ་ཡོང་བར་སྔར་བས་ཞབས་འདེགས་ཡག་པོ་ཞུ་རྒྱུར་སྐུལ་མ་གཏོང་དགོས་པ་བཅས་རེད་ཅེས་གསུངས།
         ཚོགས་ཞུགས་འགོ་ཁྲིད་པས་འཛམ་གླིང་དཔལ་འབྱོར་ལ་བསྐྱར་འཕར་དང་ལས་ཞུགས་རྒྱ་སྐྱེད་ཀྱི་རྣམ་པ་བཟང་པོ་མངོན་པ་དང་ཕྱོགས་མཚུངས་འཕེལ་རྒྱས་དོ་སྙོམས་མེད་པ་དང་། ཚོང་དོན་གྱི་བཀག་རྒྱ་མང་དུ་འགྲོ་བ། དངུལ་རྩ་ཉམས་ཞན་རང་བཞིན་སོགས་ལས་བྱུང་བའི་བརྟན་པོ་མེད་པ་དང་གཏན་འཁེལ་མེད་པའི་རང་བཞིན་སྔར་བཞིན་འཕྲད་ཡོད། རྒྱལ་སྤྱིའི་དཔལ་འབྱོར་དང་དངུལ་རྩའི་ལས་དོན་ཁྲོད་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མིའི་ཤུགས་རྐྱེན་ཆེ་བ་དང་ནུས་པ་ཆེ་བར་བརྟེན་མཐུན་སྒྲིལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མཉམ་ཤུགས་ཤིག་ཆགས་པ་བྱས་ནས་ཧང་ཀྲོའུ་དབུ་ཚོགས་ཀྱི་ཐུན་མོང་ངོས་འཛིན་དང་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་པ་དང་། གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་ཏན་ཏིག་གཏོང་བ། གསར་གཏོད་དང་སློབ་གསོར་ཤུགས་སྣོན་རྒྱག་པ། ཀུན་ཕན་ཚོང་དོན་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་དངུལ་རྩའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་དོ་སྙོམས་དང་། ལྡེམ་ཤུགས་ལྡན་པ། རྒྱུན་མཐུད་ངང་འཕར་བ་བཅས་མངོན་འགྱུར་ཡོང་བ་བྱེད་པ་དང་འབྲེལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་དེ་བས་མང་བར་ཕན་པ་ཐོབ་པ་བྱེད་དགོས་ཞེས་བརྗོད་པ་རེད།

༄༅།།ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་གཉིས་པར་ཞུགས་
པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།