མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་11ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་8ཉིན་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཧན་པའོ་དབུ་ཚོགས་གྲོལ་རྗེས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་མཇལ་འཛོམས་གནང་ཞིང་། ཁོང་རྣམ་གཉིས་ཀྱིས་ཀྲུང་ཨའི་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད།
         ཞི་ཅིན་ཕིང་གིས་མཚོ་མཚེའུ་གཞིས་ཀར་མཇལ་འཛོམས་བྱུང་ཚུན་ཕྱོགས་གཉིས་པོའི་ལས་དོན་ཚོགས་པས་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་ངོས་འཛིན་གཞིར་བཟུང་། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་བར་འཕེལ་རྒྱས་གསར་པ་བྱུང་ཡོད། དུས་མཚམས་རྗེས་མར་ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་གྱིས་ཀྲུང་ཨའི་འབྲེལ་བའི་ཁ་ཕྱོགས་ཆེན་པོ་ཁོང་དུ་བརྟན་པོར་ཆུད་པ་བྱེད་པ་དང་། ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་པ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱ་ཆེ་རུ་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་རེད།
         རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མཐོ་རིམ་དབར་མུ་མཐུད་འགྲོ་འོང་དམ་ཟབ་བྱས་ནས་ཕྱོགས་གཉིས་པོའི་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་མོས་མཐུན་གནང་ཞིང་། ཕྱོགས་གཉིས་པོས་རེས་སྐོར་དང་པོའི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་ཐད་ཀྱི་སྐད་ཆ་ཤོད་རེས་དེ་ཟླ་7ཚེས་19ཉིན་བྱ་རྒྱུ་དང་འབྲེལ་ཉེ་དུས་རེས་སྐོར་དང་པོའི་ཁྲིམས་བསྟར་དང་དྲ་རྒྱའི་བདེ་འཇགས་སྐོར་གྱི་སྐད་ཆ་ཤོད་རེས་དང་སྤྱི་ཚོགས་དང་མི་ཆོས་སྐོར་གྱི་སྐད་ཆ་ཤོད་རེས་ཀྱང་བྱ་རྒྱུའི་གྲོས་ཐག་བཅད་གནང་བ་རེད། ཕྱོགས་གཉིས་པོས་རིམ་མཐོའི་གྲོས་མོལ་ལམ་སྲོལ་བཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཕན་ཚུན་རྒྱུས་མངའ་བྱེད་ཤུགས་ཆེ་རུ་བཏང་ནས་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་རེད།
         ཞི་ཅིན་ཕིང་གིས་ཀྲུང་ཨའི་དཔལ་འབྱོར་མཉམ་ལས་ཀྱི་ཉིན་བརྒྱའི་འཆར་གཞིར་འཕེལ་རྒྱས་གལ་ཆེན་བྱུང་བ་དང་ཕྱོགས་གཉིས་པོས་ལོ་གཅིག་མཉམ་ལས་བྱ་རྒྱུའི་སྐོར་གྱི་འཆར་གཞིར་གྲོས་མོལ་བྱེད་བཞིན་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། ཁྲིམས་བསྟར་དང་། དྲ་རྒྱའི་བདེ་འཇགས། སྤྱི་ཚོགས་དང་རིག་གནས་སྣང་ཚུལ་སྣ་ཚོགས། ས་གནས་སོགས་ཀྱི་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་སྤེལ་ཧུར་ཐག་གཏོང་དགོས། ཕྱོགས་གཉིས་པོའི་དམག་དཔུང་གི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་གཉིས་པོའི་རྒྱལ་སྲུང་པུའི་པུའུ་ཀྲང་གིས་ཕན་ཚུན་འཚམས་འདྲིར་སྔ་ཙམ་ཕེབས་དགོས་པ་དང་དེ་བཞིན་ཨ་དམག་གི་ཚན་མོའུ་ཀྲང་གི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཟླ་བརྒྱད་པར་ཀྲུང་གོར་འཚམས་འདྲིར་ཕེབས་རྒྱུ་དང་། དམག་དཔུང་གཉིས་པོའི་མཉམ་འབྲེལ་ཚན་མོའུ་པུའུ་ཡིས་ཟླ་བཅུ་གཅིག་པར་སྐད་ཆ་ཤོད་རེས་ཐེངས་དང་པོ་གནང་རྒྱུ། ཀྲུང་གོའི་མཚོ་དམག་2018ལོའི“ཞི་བདེ་རྒྱ་མཚོ་སྐོར་བའི”དམག་སྦྱོང་ནང་ཞུགས་རྒྱུ་སོགས་ཀྱི་ལས་དོན་ཐུན་མོང་ཐོག་གྲ་སྒྲིག་ཡག་པོ་བྱེད་དགོས་ཞེས་བསྟན་གནང་བ་རེད།
         ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས་ཁེ་ཕན་གཙོ་བོ་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་བྱས་ནས་འགལ་ཟླ་དང་དམིགས་བསལ་གྱི་གནད་དོན་ཐག་གཅོད་འོས་འཚམ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཐེ་རོན་ཕུས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལས་ཀའི་འབྲེལ་བ་ཡག་པོ་ཞིག་འཛུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། མིག་སྔར་ཨ་ཀྲུང་གི་འབྲེལ་བ་འཕེལ་རྒྱས་ཡག་པོ་འགྲོ་བཞིན་ཡོད། ཀྲུང་གོ་ནི་ཨ་རིའི་ཚོང་དོན་རོགས་ཟླ་གལ་ཆེན་ཞིག་རེད་ལ་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་ཤུགས་རྐྱེན་གལ་ཆེན་ཡོད་པའི་རྒྱལ་ཁབ་ཅིག་ཀྱང་རེད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་ཡོད་ཁྱབ་ཁོངས་ཁག་གི་སྐད་ཆ་ཤོད་རེས་དང་གཉིས་ཕན་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་འདོད་ཡོད་ལ་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་མུ་མཐུད་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་འདོད་ཀྱང་ཡོད་ཅེས་གསུངས་པ་རེད།
         ཕྱོགས་གཉིས་པོས་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་མཚོན་ཆའི་སྐོར་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ཞིང་། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པ་མཐའ་འཁྱོངས་དང་། ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས། སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་གནད་དོན་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བཅས་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་རང་ཉིད་ཀྱི་རྩ་དོན་དང་ལངས་ཕྱོགས་ཐེངས་མང་བསྟན་པ་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལས་འགལ་བའི་ཁྲའོ་ཞན་གྱི་བྱེད་སྒོར་དགོས་ངེས་ཀྱི་ལན་སློག་དགོས་པ་དང་དུས་མཚུངས་གྲོས་མོལ་ལ་སྐུལ་འདེད་དང་དུས་བབ་དོ་དམ་ཚོད་འཛིན་བྱེད་པའི་ཐད་འབད་བརྩོན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དེ་རེད། ཨ་རིས་ཧན་གོར“ས་ཏེ”འཕུར་མདེལ་འགོག་པའི་མ་ལག་བཀོད་སྒྲིག་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་བྱ་རྒྱུ་ཡིན་ལུགས་བསྐྱར་བསྒྲགས་བྱ་རྒྱུ་ཡིན། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་མཚོན་ཆའི་གནད་དོན་ཐད་མུ་མཐུད་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱ་རྒྱུར་མོས་མཐུན་ཡོད་ཅེས་ནན་བཤད་གནང་བ་རེད།