མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལོ་སྟོད་དུ་རང་བྱུང་གནོད་འཚེ་སྣ་ཚོགས་ལས་རྒྱལ་ཡོངས་ཀྱི་མི་ཐེངས་ཁྲི་4557.6ལ་
གནོད་འཚེ་ཕོག་པ་ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་14ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན། ཞིབ་བཤེར་གཏན་འཁེལ་བྱས་པ་བརྒྱུད། ལོ་སྟོད་དུ་རང་བྱུང་གནོད་འཚེ་སྣ་ཚོགས་ལས་རྒྱལ་ཡོངས་ཀྱི་མི་ཐེངས་ཁྲི་4557.6ལ་གནོད་འཚེ་ཕོག་པ་དང་། མི་204འཆི་བ། མི་83གར་སོང་ཆ་མེད་དུ་གྱུར་པ། མི་ཐེངས་ཁྲི་102.2ཛ་དྲག་གི་གནས་སྤོ་བཀོད་སྒྲིག་བྱེད་དགོས་བྱུང་བ། མི་ཐེངས་ཁྲི་49.5ལ་ཛ་དྲག་གི་འཚོ་བའི་རོགས་སྐྱོབ་བྱེད་དགོས་བྱུང་བ། ཁང་པ་ཁྲི་3.1བརྡིབས་པ། ཁང་པ་ཁྲི་7.4ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ། ཁང་པ་ཁྲི་34.5ལ་སྤྱིར་བཏང་གི་གཏོར་སྐྱོན་ཕོག་པ། ཞིང་ལས་སྐྱེ་དངོས་སྟོང་སྤྱི་ཆིང་7091.9གནོད་འཚེ་ཕོག་པའི་ཁྲོད་སྟོང་སྤྱི་ཆིང་355.6ཡི་སྟོན་འབབ་རྩ་ཆད་ཕྱིན་པ། ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་518.9ཟིན་ཡོད། སྤྱི་ཡོངས་ནས་བལྟས་ཚེ་གནོད་འཚེའི་གནས་ཚུལ་2009ལོ་ནས་2016ལོའི་དུས་མཚུངས་ཀྱི་ཆ་སྙོམས་དང་བསྡུར་ན་ཅུང་ཚབས་ཆུང་བ་ཡོད་པ་རེད།
      ཉེ་ཆར། དམངས་སྲིད་པུའུ་དང་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་གཞུང་ལས་ཁང་གིས་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་དང་། ཆུ་བེད་པུའུ། ཞིང་ལས་པུའུ། འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་སོགས་སྡེ་ཚན་དང་མཉམ་དུ་2017ལོའི་ལོ་སྟོད་ཀྱི་རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེའི་གནས་ཚུལ་ལ་གྲོས་བསྡུར་དབྱེ་ཞིབ་བྱས་པ་རེད། རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེར་གཙོ་བོ་གཤམ་གསལ་གྱི་ཁྱད་ཆོས་མངོན་པ་སྟེ། གཅིག གནོད་འཚེ་ཕོག་པའི་ཁྱབ་ཁོངས་ཆེ་བ་དང་ས་ཆ་ཁག་གཅིག་ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད་པ། གཉིས། ཞོད་དུས་གཙོ་བོར་ལྷོ་ཕྱོགས་སུ་ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེ་མཉམ་དུ་ཐོན་པ། གསུམ། བྱང་ཕྱོགས་ཀྱི་ཞིང་ཆེན་མང་པོ་ཞིག་ལ་རླུང་དང་སེར་བའི་གནོད་འཚེ་ཕོག་པ། བཞི། ཐན་པས་གཙོ་བོ་བྱང་ཕྱོགས་ཀྱི་ས་ཁུལ་ལ་ཤུགས་རྐྱེན་ཐེབས་པ། ལྔ། ས་ཡོམ་ཀྱི་གནོད་འཚེ་མངོན་གསལ་དོད་པོས་ཚབས་ཆུང་བ། དྲུག རྒྱ་མཚོའི་རླུང་འཚུབ་དང་། དྲོད་ཚད་དམའ་པོ། གངས་སྐྱོན་གྱི་ཤུགས་རྐྱེན་ཅུང་ཆུང་བ་བཅས་རེད།