མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《རྒྱལ་དམངས་ཀྱི་འཚོ་བཅུད་འཆར་གཞི་(2017
ལོ་ནས་2030ལོ་བར)》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་16ཉིན། 13:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《རྒྱལ་དམངས་ཀྱི་འཚོ་བཅུད་འཆར་གཞི་(2017ལོ་ནས་2030ལོ་བར)》(གཤམ་དུ་《འཆར་གཞི་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་དང་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་ནས་འགོ་བཙུགས་པ་དང་རང་རྒྱལ་གྱི་མི་ཚོགས་ཀྱི་འཚོ་བཅུད་བདེ་ཐང་གནས་བབ་དང་དགོས་མཁོར་གཞི་ཚུགས་ཏེ་སླད་ཕྱིན་དུས་སྐབས་ཤིག་རིང་གི་རྒྱལ་དམངས་ཀྱི་འཚོ་བཅུད་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་། གཞི་རྩའི་རྩ་དོན། ལག་བསྟར་ཐབས་ཇུས། བྱ་སྤྱོད་གལ་ཆེན་བཅས་གཏན་འཁེལ་བྱས་ཡོད།
           《འཆར་གཞིའི་》ནང་སྲིད་གཞུང་གིས་ཁྲིད་སྟོན་བྱ་རྒྱུ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས། གསར་གཏོད་མཉམ་འདྲེས། མཉམ་བསྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ད་ལྟའི་གནས་བབ་ལ་གཞི་ཚུགས་པ་དང་ཕུགས་ལ་བསམ་བློ་བཏང་ནས་2030ལོར་སླེབས་སྐབས་འཚོ་བཅུད་ཁྲིམས་སྲོལ་ཚད་གཞིའི་མ་ལག་སྔར་བས་འཐུས་ཚང་དང་འཚོ་བཅུད་ལས་ཀའི་མ་ལག་སྔར་བས་འཐུས་ཚང་དུ་བཏང་ནས་མི་ཚོགས་ཀྱི་ཟུངས་ཁྲག་ཉམས་ཚད་དང་། ལོ་5མན་གྱི་བྱིས་པ་འཚར་ལོངས་འགོར་ཚད། ཤ་རྒྱགས་པའི་སློབ་མ་ཐོན་ཚད་བཅས་དམའ་རུ་གཏོང་བ་དང་གྲོང་མིས་འཚོ་བཅུད་བདེ་ཐང་གི་ཤེས་བྱ་ཤེས་ཚད་ཆེ་རུ་གཏོང་བ་སོགས་ཀྱི་ཞིབ་ཕྲའི་དམིགས་ཚད་ཐད་ཡར་རྒྱས་མངོན་གསལ་དོད་པོ་ཐོན་དགོས་པ་བཏོན་ཡོད།
          《འཆར་གཞིའི་》ནང་ལག་བསྟར་ཐབས་ཇུས་ཁག་བདུན་བཀོད་སྒྲིག་བྱས་ཏེ་ལས་ཀའི་དམིགས་ཚད་འགན་ལེན་ཐུབ་པ་བྱ་རྒྱུ་སྟེ། གཅིག་ནས་འཚོ་བཅུད་ཁྲིམས་སྲོལ་གྱི་སྲིད་ཇུས་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་འཚོ་བཅུད་ཁྲིམས་འཛུགས་དང་སྲིད་ཇུས་ཞིབ་འཇུག་ལ་སྐུལ་འདེད་བཏང་སྟེ་ཚད་གཞི་བཟོ་ཚད་དང་བཟོ་བཅོས་ནུས་པ་ཆེ་རུ་གཏོང་རྒྱུ་དང་། གཉིས་ནས་འཚོ་བཅུད་ནུས་པའི་འཛུགས་སྐྱོང་ཆེ་རུ་གཏོང་རྒྱུའི་ནང་འཚོ་བཅུད་ཀྱི་ཚན་ཞིབ་ནུས་པ་ཆེ་རུ་དང་འཚོ་བཅུད་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་སྣང་ཆེན་བྱ་རྒྱུ་ཚུད་པ། གསུམ་ནས་འཚོ་བཅུད་དང་བཟའ་བཅའི་བདེ་འཇགས་ཀྱི་ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་ལ་ཤུགས་སྣོན་བརྒྱབ་སྟེ་དུས་བཀག་ནང་མི་ཚོགས་ཀྱི་འཚོ་བཅུད་གནས་བབ་ལ་ལྟ་ཞིབ་ཚད་ལེན་བྱས་ནས་འཚོ་བཅུད་ཏེན་གྱི་ལྟ་ཞིབ་ཚད་ལེན་དང་འཚོ་བཅུད་ཏེན་མི་འདང་བའི་ནད་གཞི་འགོག་བཅོས་ལ་ཤུགས་སྣོན་རྒྱག་རྒྱུ། བཞི་ནས་བཟའ་བཅའི་འཚོ་བཅུད་བདེ་ཐང་ཐོན་ལས་འཕེལ་རྒྱས་བཏང་སྟེ་འཚོ་བཅུད་ཅན་དུ་མགྱོགས་མྱུར་འགྱུར་བ་བྱ་རྒྱུ། ལྔ་ནས་སྲོལ་རྒྱུན་བཟའ་བཅའི་འཚོ་བཅུད་ཞབས་ཞུ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་རང་རྒྱལ་གྱི་སྲོལ་རྒྱུན་བཟའ་བཅའི་འཚོ་བཅུད་ཀྱིས་དེང་དུས་འཚོ་བཅུད་ནང་ཐོན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རང་རྒྱལ་གྱི་ས་ཁུལ་མི་འདྲ་བའི་བཟའ་བཏུང་གི་ཁྱད་ཆོས་དང་མཐུན་པའི་བཟའ་བཅའི་འཚོ་བཅུད་གོམས་གཤིས་འཇག་རྒྱུར་ཁྲིད་སྟོན་བྱ་རྒྱུ། དྲུག་ནས་འཚོ་བཅུད་ཁ་སྣོན་གྱི་བདེ་ཐང་གི་རྨང་གཞིའི་གྲངས་གཞི་མཉམ་སྤྱོད་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་ཆ་འཕྲིན་གྱི་དམངས་ཕན་ཞབས་ཞུ་སྤེལ་རྒྱུ། བདུན་ནས་འཚོ་བཅུད་བདེ་ཐང་གི་ཤེས་བྱ་ཁྱབ་གདལ་བཏང་སྟེ་འཚོ་བཅུད་བདེ་ཐང་གི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་རེད།
          《འཆར་གཞིའི་》ནང་བྱ་སྤྱོད་གལ་ཆེན་ཁག་དྲུག་བཏོན་ནས་མི་ཚོགས་ཀྱི་འཚོ་བཅུད་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་རྒྱུ་སྟེ། གཅིག་ནི་ཚེ་སྲོག་གྲུབ་བཞིན་པའི་ཐོག་མའི་དུས་ཀྱི་ཉིན་1000ཡི་འཚོ་བཅུད་བདེ་ཐང་བྱ་སྤྱོད་ཡིན་ཞིང་། སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་གི་སྐྱེད་མ་དང་ཕྲུ་གུ་དམར་འབྱར་གྱི་འཚོ་བཅུད་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། གཉིས་ནི་སློབ་མའི་འཚོ་བཅུད་ལེགས་གཏོང་བྱ་སྤྱོད་ཡིན་ཞིང་། དེའི་ནང་སློབ་མར་འཚོ་བཅུད་ལྡན་པའི་ཟས་ཟ་རྒྱུར་ཁྲིད་སྟོན་བྱས་ནས་ལྗིད་ཚད་ལས་བརྒལ་བ་དང་རྒྱགས་པ་མི་ཆགས་པ་བྱེད་པ་སོགས་ཀྱི་ནང་དོན་ཚུད་པ། གསུམ་ནི་རྒན་རྒོན་གྱི་འཚོ་བཅུད་ལེགས་གཏོང་བྱ་སྤྱོད་ཡིན་ཞིང་། བྱེད་ཐབས་སྣ་མང་སྤྱད་ནས་རྒན་རྒོན་མི་ཚོགས་ཀྱི་འཚོ་བཅུད་ལེགས་གཏོང་གི་དགོས་མཁོ་བསྐངས་ཏེ“ན་རྒས་ཅན་གྱི་བདེ་ཐང་ལ”སྐུལ་འདེད་གཏོང་རྒྱུ། བཞི་ནི་ནད་ཐོག་འཚོ་བཅུད་ཀྱི་བྱ་སྤྱོད་ཡིན་ཞིང་། ནད་པའི་འཚོ་བཅུད་བརྟག་དཔྱད་དང་སྨན་བཅོས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ནད་པའི་འཚོ་བཅུད་ལེགས་སུ་གཏོང་རྒྱུ། ལྔ་ནི་ས་ཁུལ་དབུལ་པོའི་འཚོ་བཅུད་ཐེ་ཇུས་བྱ་སྤྱོད་ཡིན་ཞིང་། ཐེ་ཇུས་དང་། སྔོན་འགོག་ཚོད་འཛིན། མཛུབ་ཁྲིད་སོགས་ཀྱི་བྱ་ཐབས་སྤྱད་དེ་ས་ཁུལ་དབུལ་པོའི་མི་ཚོགས་ཀྱི་འཚོ་བཅུད་གནས་ཚུལ་ལེགས་སུ་གཏོང་རྒྱུ། དྲུག་ནི་ཟས་སྤྱོད་གཉིས་དོ་སྙོམས་ཡོང་བ་བྱེད་པའི་བྱ་སྤྱོད་ཡིན་ཞིང་། བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཁྱབ་གདལ་བཏང་ནས་ལུས་རྩལ་རྩེ་མཁན་མི་ཚོགས་ལ་འཚོ་བཅུད་རྒྱབ་སྐྱོར་བྱེད་ཤུགས་དང་ཕན་འབྲས་ཐོན་ཤུགས་ཆེ་རུ་གཏོང་རྒྱུ་བཅས་སོ།