མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཁ་ན་ཏའི་ཙུང་ཏུའུ་གཡོད་ཧན་སི་ཏུན་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་16ཉིན། 13:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་ཁ་ན་ཏའི་ཙུང་ཏུའུ་གཡོད་ཧན་སི་ཏུན་དང་མཇལ་འཛོམས་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་13ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཁ་ན་ཏའི་ཙུང་ཏུའུ་གཡོད་ཧན་སི་ཏུན་དང་མཇལ་འཛོམས་གནང་བ་རེད།
           ཞི་ཅིན་ཕིང་གིས་ཀྲུང་ཁ་རྒྱལ་ཁབ་གཉིས་པོས་གཏིང་ཤུགས་སྔོག་འདོན་བྱས་ནས་དཔལ་འབྱོར་ཚོང་དོན་དང་། ཁྲིམས་འཛིན། ཚན་རྩལ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཀྱི་ཁྱབ་ཁོངས་ནང་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ལེགས་ཆ་གསབ་རེས་རྒྱ་ཆེར་བཏང་སྟེ་གཉིས་ཕན་གཉིས་ཁེ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་རང་མོས་ཉོ་ཚོང་གི་ཆོད་ཡིག་གྲོས་མོལ་གང་མགྱོགས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་ཆུ་ཚད་མཐོ་རུ་བཏང་སྟེ་ནུས་རྒྱུའི་ཐོན་ཁུངས་དང་། དེང་རབས་ཞིང་ལས། གཙང་སྦྲའི་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་དོན་གཉེར་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁ་ན་ཏ་ཕྱོགས་དང་མཉམ་དུ་སློབ་གསོ་དང་། རིག་གནས། གཞོན་ནུ། ཡུལ་སྐོར། གངས་འཁྱགས་ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་རྒྱ་ཆེར་བཏང་ནས་ཀྲུང་ཁ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་སྤྱི་ཚོགས་དང་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་འདོད་ཡོད། ཕྱོགས་གཉིས་པོས་ཕྱོགས་མང་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ལ་ཁ་གཏད་ཧུར་ཐག་གཅོག་དགོས་ཞེས་ནན་བཤད་གནང་བ་རེད།
         གཡོད་ཧན་སི་ཏུན་གྱིས་ཁ་ཀྲུང་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་འབྲེལ་བ་ཟབ་པ་དང་མི་དམངས་དབར་མཛའ་གྲོགས་འགྲོ་འོང་བྱེད་རྒྱུ་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ཡོད། རྒྱུན་མཐུད་འཕེལ་རྒྱས་དང་། དབུལ་པོ་ཉུང་གཏོང། ཁོར་ཡུག་སྲུང་སྐྱོང་། ཚན་རྩལ་སོགས་ཁྱབ་ཁོངས་ཐད་ཀྲུང་གོར་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོར་ཁ་ན་ཏས་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཁ་ན་ཏ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་བྱེད་ཟབ་ཏུ་བཏང་ནས་དཔལ་འབྱོར་ཚོང་དོན་དང་། ཚན་རྩལ། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་འབྲེལ་གཏུག་མཐུན་སྦྱོར་བྱེད་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         མཇལ་འཛོམས་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་དང་གཡོད་ཧན་སི་ཏུན་གྱིས་རྒྱལ་ཁབ་གཉིས་པོའི་རིག་གནས་དང་ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆར་མཚན་རྟགས་བཀོད་པར་ཐུན་མོང་ཐོག་དཔང་པོ་གནང་བ་རེད།