མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།“མཚོ་བོད་ཀྱི་ལྗང་མདོག་བབས་ཚུགས”སྤྱོད་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་16ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། མཚོ་བོད་གཞུང་ལམ་གྱི་ཁོར་ཡུག་སྲུང་སྐྱོང་བྱ་ཐབས་གསར་པ་འཚོལ་ཞིབ་བྱ་ཆེད། གད་སྙིགས་ཚུར་བསྡུས་གཙོས་པའི་མཚོ་བོད་ས་མཐོའི་སྤྱི་ཕན་རང་བཞིན་གྱི་བབས་ཚུགས་ཐོག་མ“མཚོ་བོད་ཀྱི་ལྗང་མདོག་བབས་ཚུགས”ཚེས་13ཉིན་དངོས་སུ་སྤྱོད་འགོ་ཚུགས་པ་རེད།
         མཚོ་བོད་གཞུང་ལམ་ལམ་རྒྱུད་ཀྱི་གད་སྙིགས་སྦགས་བཙོག་གི་གནད་དོན་ཐག་གཅོད་བྱས་ཏེ་ལམ་རྒྱུད་ཀྱི་ས་ཁོངས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་ཆེད། 2013ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོང་རྩ་འཛུགས“དྭངས་གཙང་གཙང་ཆུ”ཞེས་པའི་ཁོར་ཡུག་སྲུང་སྐྱོང་སྐུལ་འདེད་ཚོགས་པ་དང་མཉམ་དུ་མཚོ་བོད་གཞུང་ལམ་ལམ་རྒྱུད་ཀྱི་གད་སྙིགས་ཚུར་བསྡུ་དང་དབོར་འདྲེན་བྱ་ཐབས་འཚོལ་ཞིབ་བྱས་པ་ལས“མཚོ་བོད་ཀྱི་ལྗང་མདོག་བབས་ཚུགས”བྱུང་བ་རེད།
         དྭངས་གཙང་གཙང་ཆུ་ཁོར་ཡུག་སྲུང་སྐྱོང་སྐུལ་འདེད་ཚོགས་པའི་ཚོགས་གཙོ་དབྱང་ཤིན་གྱིས་མཚོ་བོད་ཀྱི་ལྗང་མདོག་བབས་ཚུགས་དེར་གཙོ་བོ་ཚུར་བསྡུའི་ནུས་པས་གཙོས་ཐག་རིང་ལ་འགྲོ་མཁན་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་དང་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་མཁན་སྐབས་འཕྲལ་ངལ་གསོ་ཐུབ་པ་མ་ཟད། སྣོད་བཅུད་ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་ཀྱང་བྱེད་ཐུབ། གཞུང་ལམ་འགྲམ་དུ་གད་སྙིགས་གཅིག་སྡུད་བྱ་ཡུལ་ཡོད་པ་ཕུད་ད་དུང་བབས་ཚུགས་དེས་མཐའ་འཁོར་གྱི་འབྲོག་པ་ཚོའི་འཚོ་བའི་གད་སྙིགས་དང་འཚོ་བའི་མཁོ་ཆས་བརྗེ་པོ་བརྒྱབ་པས་རྩྭ་ཐང་གི་གད་སྙིགས་འབྱུང་རྩ་ནས་ཉུང་དུ་གཏོང་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
         “ཚུར་བསྡུས་པའི་གད་སྙིགས་བབས་ཚུགས་ཀྱི་ལས་དོན་མི་སྣ་དང་དང་བླངས་པས་དབྱེ་འབྱེད་དང་བཅག་བཅག་བཏང་སྟེ་མཚོ་བོད་གཞུང་ལམ་དུ་སྟོང་ལོག་ཏུ་འགྲོ་མཁན་རླངས་འཁོར་ལ་བདལ་གླ་ཕྲན་བུ་སྤྲད་དེ་དབོར་འདྲེན་བྱེད་པ་དང་། ཚུར་བསྡུ་ཆོག་པའི་གད་སྙིགས་མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་དུ་གཅིག་སྡུད་ཐག་གཅོད་བྱེད་པར་སྐྱེལ་གྱི་ཡོད། དེ་དང་ཆབས་ཅིག དུས་བཀག་ནང་གད་སྙིགས་དབོར་མཁན་རླངས་འཁོར་བཏང་སྟེ་རུལ་ཐུབ་པའི་གད་སྙིགས་ཉེ་འཁོར་གྱི་གད་སྙིགས་སྦས་སར་དབོར་གྱི་ཡོད”ཅེས་དབྱང་ཤིན་གྱིས་བཤད།
        མཚོ་བོད་གཞུང་ལམ་ནི་བོད་དུ་སྐྱོད་སའི་འགྲོ་ལམ་གལ་ཆེན་གྱི་གྲས་ཤིག་ཡིན་ཞིང་། མཚོ་སྔོན་གྱི་ཟི་ལིང་ནས་ལ་ཀླུང་བརྒལ་ཏེ་སྤྱི་ལེ་2000ཙམ་སྐྱོད་དགོས་པ་དང་། མཚོ་སྔོན་གྱི་གོར་མོ་བརྒྱུད་བོད་ལྗོངས་ལྷ་སར་འབྱོར་གྱི་ཡོད། ལམ་བར་དུ་ཁུ་ཁུ་ཤི་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཅས་སུ་སྤྱི་ལེ་བརྒྱ་ལྷག་ཙམ་སྐྱོད་དགོས་ཀྱི་ཡོད།