མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྒེར་གྱི་ཆ་འཕྲིན་བཙན་གནོད་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་ལ་
དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་19ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

               མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱས་པར། འདི་ལོའི་ཟླ་གསུམ་པར་སྤྱི་བདེ་པུས་ཧེག་པས་ཚུར་རྒོལ་གཏོར་བཤིག་བཏང་བ་དང་དྲ་རྒྱ་བརྒྱུད་སྤྱི་དམངས་ཀྱི་སྒེར་གྱི་ཆ་འཕྲིན་ལ་བཙན་གནོད་བཏང་བར་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་ཚུན། ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་འཕྲལ་དུ་བྱ་སྤྱོད་སྤེལ་བ་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ཆེད་དོན་བྱ་སྤྱོད་དེ་གཏིང་ཟབ་ཀྱི་ཕྱོགས་སུ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། མིག་སྔའི་བར་རྒྱལ་ཡོངས་ཀྱིས་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ལ་བཙན་གནོད་ཕོག་པའི་གྱོད་གཞི་དང་ཧེག་པས་དྲ་རྒྱར་ཚུར་རྒོལ་དང་གཏོར་བཤིག་བཏང་བའི་གྱོད་གཞི་1800ལྷག་ཙམ་རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན་4800ལྷག་ཙམ་བཟུང་པ། རིགས་ཁག་གི་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་དུང་ཕྱུར་500ལྷག་ཙམ་རྩད་ཆོད་བྱུང་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། ད་ཕན་ལོ་ཤས་རིང་། དྲ་སྦྲེལ་གྱི་ལག་རྩལ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་སྦྲགས་སྲོལ་རྒྱུན་ཉེས་གསོག་རྒྱུན་ཆད་མེད་པར་དྲ་སྦྲེལ་ལ་སྣུར་སྲིང་བྱས་པ་དང་དྲ་རྒྱའི་ཉེས་གསོག་དང་སྲོལ་རྒྱུན་གྱི་ཉེས་གསོག་ཉིན་རེ་བཞིན་མཉམ་བསྲེས་བྱས་པས་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ཕྱིར་གྱར་བ་དང་རྐུ་བའི་གྱོད་གཞི་མང་པོ་ཐོན་གྱི་ཡོད། མིག་སྔར་གྱོད་གཞི་འདིའི་རིགས་ལ་ཁྱད་ཆོས་གསུམ་མངོན་པ་སྟེ། གཅིག་ནི་ཧེག་པས་དྲ་ཚིགས་སུ་འཛུལ་ནས་ཁྲིམས་འགལ་ངང་སྤྱི་དམངས་ཀྱི་སྒེར་གྱི་ཆ་འཕྲིན་རྐུ་བའི་ཉེས་གསོག་བྱེད་སྤྱོད་མང་དུ་ཕྱིན་པ་དེ་ཡིན་ཞིང་། ཉེས་གསོག་དོགས་ཅན་འགའ་ཞིག་གིས་ཧེག་པ་སྤྱད་དེ་དྲ་རྒྱའི་བརྒྱུད་རིམ་ལ་རྒོལ་བ་དང་ཉ་འཛིན་དྲ་ཚིགས་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དྲ་རྒྱའི་བདེ་འཇགས་ཆུ་ཚད་མཐོ་པོ་མེད་པའི་དྲ་སྦྲེལ་ཁེ་ལས་དང་རྒྱ་དྲའི་ཞབས་ཞུའི་མཁོ་འདོན་ཚོང་པ་སོགས་ལ་དྲ་རྒྱ་བརྒྱུད་གནོད་འཚེ་བཏང་ནས་ཁྲིམས་འགལ་ངང་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་རྐུ་ཡི་ཡོད། གཉིས་ནི་ཁེ་ལས་ཀྱི་བྱ་གཞག་ཚན་པའི་ནང་ཁུལ་མི་སྣས་ཁྲིམས་འགལ་ངང་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ཕྱིར་གྱར་བ་དེ་ཆ་འཕྲིན་ཕྱིར་གྱར་བའི་འབྱུང་རྩ་གཙོ་བོར་གྱུར་པ་དེ་ཡིན་ཞིང་། སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ཁོང་དུ་ཆུད་པའི་ཁེ་ལས་དང་བྱ་གཞག་ཚན་པ་འགའ་ཞིག་གིས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དོན་འཁྱོལ་ནན་པོ་མ་བྱས་པ་དང་ནང་ཁུལ་གྱི་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་པོ་མེད་པར་བརྟེན་ལས་རིགས་ཀྱི“ནང་རུལ་པ”འགའ་ཞིག་ལ་གོ་སྐབས་ཐོབ་ནས་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ཕྱིར་གྱར་གྱི་ཡོད། གསུམ་ནི་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ལ་གནོད་འཚེ་བཟོ་བའི་ཉེས་གསོག་དེ་རིགས་ཁག་གི་ཉེས་གསོག་གི་ཐོག་མའི་ཆ་རྐྱེན་དུ་གྱུར་པ་དེ་ཡིན་ཞིང་། རྐུ་ཤོར་བའི་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་རང་དགར་སྒྱུར་བ་དང་གཞན་ལ་བཙོངས་ནས་དེ་དག་ཁ་བསླུས་དང་། བསྙད་འདོགས་རྒྱུ་འཕྲོག གཏུམ་སྤྱོད་བུན་འདེད་སོགས་ཁྲིམས་འགལ་ཉེས་གསོག་ལ་སྤྱད་པ་དང་ལྷག་པར་དུ་ཁ་བསླུས་རྒྱག་མཁན་ལ་དེ་བས་སྟབས་བདེ་བའི་ཆ་རྐྱེན་བསྐྲུན་པས་གནོད་འཚེ་ཧ་ཅང་ཚབས་ཆེན་ཡོད་པ་རེད།