མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་18མངགས་ནས་ས་གནས་སུ་བསྐྱོད་དེ་
ཡུལ་དངོས་སུ་ལྟ་སྐུལ་ཞིབ་བཤེར་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་19ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་སྐུལ་ཞིབ་བཤེར་ཆེན་པོ་ཐེངས་བཞི་པའི་སྤྱིའི་བཀོད་སྒྲིག་ལ་གཞིགས་ནས་ས་ཁུལ་ཁག་ཏུ་ཕྱོགས་ཡོངས་ནས་རང་བཤེར་བྱེད་པའི་རྨང་གཞིའི་ཐོག་ཟླ་7ཚེས་16ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་18མངགས་ཏེ་ཐེན་ཅིན་དང་། ནང་སོག ཧོ་པེ་སོགས་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)18སོ་སོར་བསྐྱོད་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་ཚུལ་ཐད་ཡུལ་དངོས་སུ་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།
           ད་ཐེངས་ཀྱི་ཡུལ་དངོས་ཀྱི་ལྟ་སྐུལ་ཞིབ་བཤེར་ནི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་དང་《སྲིད་གཞུང་གི་ལས་དོན་སྙན་སྒྲོན་》ནང་བཏོན་པའི་དམིགས་ཚད་བླང་བྱར་གཞིགས་ནས་ས་གནས་ཁག་གིས་གཙོ་གནད་ལས་དོན་དང་། ཚད་འཛིན་དམིགས་ཚད་ལས་འགན། སྐབས་འདིའི་སྲིད་གཞུང་གི་འདོད་དོན་ཞལ་བཞེས་ཀྱི་དོན་གནད་སོགས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཚད་གཞི་དང་རེའུ་མིག་བསྡུར་བ་དང་དུས་མཚུངས་ཕྱོགས་ལྔར་དམིགས་ནས་གཙོ་གནད་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་སྟེ། གཅིག་ནས“ལྷུག་གཏོང་དང་། དོ་དམ། ཞབས་ཞུ”བཅས་སྒྱུར་བཅོས་གཏིང་ཟབ་ཀྱི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས“ཁེ་ལས་ཀྱི་ཐོ་འགོད་དེབ་སྐྱེལ་གྱི་འགྲོ་ལུགས་གཉེར་བ”དང“འཛུགས་སྐྲུན་རྣམ་གྲངས་ལས་འགོ་འཛུགས་པའི་ཆོག་འཐུས་ལག་ཁྱེར་གཉེར་བ” “གཏན་འཇགས་རྒྱུ་ནོར་གྱི་ཐོ་འགོད”སོགས་ཚོང་གཉེར་ཁོར་ཡུག་གི་དམིགས་ཚད་གལ་ཆེན་ལ་བརྟག་དཔྱད་བྱས་པ་དང་། གཉིས་ནས་ཁེ་ལས་ཀྱི་མ་གནས་གཅོག་པའི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱེད་ཚུལ་དང་། ལྷག་པར་དུ་འདི་ལོ་སླར་ཡང་དཔྱ་ཁྲལ་ཉུང་དུ་གཏོང་བ་དང་འགྲོ་གྲོན་སྒོར་དུང་ཕྱུར་ཁྲི་1གཅོག་པའི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱེད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས་ཁེ་ལས་ཁག་གཅིག་གི་ཐོག་མའི་གཏོང་སྒོའི་གྲོན་དངུལ་ཐད་བརྟག་དཔྱད་བྱས་པ། གསུམ་ནས“གཉིས་གཏོད”སྐྱེད་སྲིང་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པར་སྐུལ་མ་གཏོང་བའི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱེད་ཚུལ་དང་ལྷག་པར་དུ“གཉིས་གཏོད”ཀྱི་སྣོད་བཅུད་ཁོར་ཡུག་གཏོད་པ་དང་། ཚན་ཞིབ་མི་སྣའི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། གསར་གཏོད་ཁྲིད་སྟོན་རྣམ་པའི་ཁེ་ལས་ཀྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་ཚུལ་བཅས་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ། བཞི་ནས་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་འཇོག་རྣམ་གྲངས་འཛུགས་སྐྲུན་བྱེད་ཚུལ་དང་། དམངས་ཁྲོད་ཀྱི་མ་འཇོག་དང་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱེད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ། ལྔ་ནས་ཡུལ་གཞན་དུ་སྨན་བཅོས་དང་སྨན་ཁང་དུ་སྡོད་པའི་སྨན་རིན་ཐད་ཀར་རྩིས་རྒྱག་དང་། སྨན་བཅོས་ཀྱི་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྱོང་། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་འཕེལ་རྒྱས་སོགས་སྤྱི་ཚོགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་བྱ་ཐབས་ལ་སྐུལ་མ་གཏོང་ཚུལ་ཐད་ཞིབ་བཤེར་བྱས་པ་བཅས་རེད།