མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་དབུ་བརྙེས་ནས་ལོ་60འཁོར་
བའི་དྲན་གསོའི་ཚོགས་འདུའི་འཐུས་མིར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་19ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་17ཉིན། ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་དབུ་བརྙེས་ནས་ལོ་60འཁོར་བའི་དྲན་གསོའི་ཚོགས་འདུ་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མིར་མཇལ་འཕྲད་གནང་བ་དང་འབྲེལ་འཐུས་མི་ཚོ་དང་ལྷན་དུ་སྐུ་པར་ཡང་བསྐྱོན་པ་རེད།
           ཡུས་ཀྲེང་ཧྲེང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་དབུ་བརྙེས་ནས་ལོ་60འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། འཐུས་མི་ཁག་དང་རྒྱལ་ཡོངས་ཏའོ་ཅའོ་ཆོས་ལུགས་ལས་རིགས་ཀྱི་གྲོགས་པོ་ཚོར་བྱམས་བརྩེའི་འཚམས་འདྲི་གནང་ཞིང་། ཁོང་གིས་ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་དབུ་བརྙེས་ནས་ལོ་60རིང་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་བ་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་ལམ་བུར་བསྐྱོད་དེ་རྒྱ་ཆེའི་ཏའོ་ཅའོ་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་དང་། ཏང་དང་སྲིད་གཞུང་གིས་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་བྱ་རྒྱུར་རོགས་རམ། རང་ངོས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན། སྤྱི་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུ་བ། ཕྱི་ཕྱོགས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རང་རྒྱལ་གྱི་ཏའོ་ཅའོ་ཆོས་ལུགས་ཀྱི་རྣམ་པ་བཟང་པོ་མངོན་པ་བྱས་ཡོད་ཅེས་གསུངས་པ་རེད།
          ཡུས་ཀྲེང་ཧྲེང་གིས་མིག་སྔར་རང་རྒྱལ་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླེབས་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཕྱོགས་སུ་བསྐྱོད་པའི་འགག་རྩའི་དུས་སྐབས་སུ་གནས་བཞིན་ཡོད་པས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་དང“ལོ་བརྒྱ་གཉིས”ཀྱི་རླབས་ཆེའི་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཚོས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས། ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་ཀྱིས་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་ཏའོ་ཅའོ་ཆོས་ལུགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྟངས་འཛིན་དང་། ཏའོ་ཅའོ་ཆོས་ལུགས་ཀྱི་ལས་རིགས་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་སྣེ་ཁྲིད་བྱེད་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ། སྤྱི་ཚོགས་ཞི་མཐུན་དང་ཆོས་ལུགས་འཆམ་མཐུན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་མང་ཙམ་འབུལ་བ་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཁོར་ཡུག་བཟང་པོ་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
          ཡུས་ཀྲེང་ཧྲེང་གིས་ཏའོ་ཅའོ་ཆོས་ལུགས་ལས་རིགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་མུ་མཐུད་ཞབས་འདེགས་ཞུས་ཏེ་སྦྲེལ་ཟམ་དང་སྦྲེལ་ཐག་གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། བསྟན་བཅོས་དང་ལུང་རིགས་ཐད་དུས་རབས་ཀྱི་ཡར་རྒྱས་དང་མཐུན་པའི་སྒོ་ནས་འགྲེལ་བཤད་རྒྱག་པ། ཆོས་ལུགས་ཀྱི་བྱེད་སྒོ་ཚད་ལྡན་དང་གོ་རིམ་ལྡན་པ་ཞིག་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དེ་བས་ལེགས་པའི་སྒོ་ནས་ཏའོ་ཅའོ་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་རྒྱུ་མཐའ་འཁྱོངས་དང་ཟབ་ཏུ་གཏོང་བ་དང་། ཆོས་ལུགས་ཚོགས་པ་རང་ངོས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཏའོ་ཅའོ་ཆོས་ལུགས་ཀྱི་དགོན་པ་དང་ཆོས་ལུགས་ལས་དོན་མི་སྣར་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཤེས་ལྡན་མི་སྣ་གསོ་སྦྱོང་བྱ་རྒྱུ་གལ་ཆེའི་གནས་བབ་ཐོག་འཇོག་པ། རིག་གནས་ཆུ་ཚད་དང་ཆོས་ལུགས་ཀྱི་ཐོས་རྒྱ་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་ཧུར་ཐག་གཏོང་བ་བཅས་བྱས་ཏེ་ཏའོ་ཅའོ་ཆོས་ལུགས་ཀྱི་འཕེལ་རྒྱས་ཁ་ཕྱོགས་ལ་ཁྲིད་སྟོན་བྱེད་མཁན་གྱི་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་ཁག་གཅིག་དངོས་འབྲེལ་གསོ་སྐྱོང་བྱེད་དགོས་པ། རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་ཏའོ་ཅའོ་ཆོས་ལུགས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། དེ་བས་ལེགས་པའི་སྒོ་ནས་དེང་རབས་སྤྱི་ཚོགས་དང་འབྲེལ་འདྲིས། ཏའོ་ཅའོ་ཆོས་ལུགས་ཀྱི་གཟུགས་བརྙན་འཛུགས་པ་དང་དྲིལ་བསྒྲགས་བཅས་བྱས་ཏེ་འཛམ་གླིང་ཞི་བདེར་སྐུལ་འདེད་གཏོང་བ་དང་མིའི་རིགས་ལ་བདེ་སྐྱིད་བསྐྲུན་ཆེད་དེ་བས་ཆེ་བའི་ནུས་པ་འདོན་སྤེལ་བྱེད་དགོས་པ་བཅས་ཀྱི་རེ་བ་བཏོན་པ་རེད།