མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཕ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་པ་སི་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་20ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་ཕ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་པ་སི་དང་གྲོས་མོལ་གནང་བ།

            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་18ཉིན་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཕ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཙུའུ་ཐུང་ཨ་པ་སི་དང་གྲོས་མོལ་གནང་བ་རེད།
           ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་ཆབ་སྲིད་ཐོག་ནས་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་དབར་མཉམ་ལས་བྱ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་འདོད་ཡོད། ཕ་ལེ་སི་ཐན་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་བར་ཀྲུང་གོས་བསྔགས་བརྗོད་བྱ་རྒྱུ་ཡིན་ལ། ཕ་ལེ་སི་ཐན་གྱི་མི་དམངས་ཀྱིས་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པའི་དྲང་བདེན་བྱ་གཞག་ལ་སྔར་རྒྱུན་བཞིན་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་ཕ་ལེ་སི་ཐན་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱས་ནས་ནུས་པ་ལྡན་པ་དང་ཆ་རྐྱེན་ལྡན་པའི་ཁེ་ལས་ཀྱིས་ཕ་ལེ་སི་ཐན་དུ་མ་འཇོག་མཉམ་ལས་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་འདོད་ཡོད། ང་ཚོས་ཕ་ལེ་སི་ཐན་དང་མཉམ་དུ་བཟོ་ལས་ཁུལ་འཛུགས་སྐྲུན་དང་། ཤེས་ལྡན་མི་སྣ་གསོ་སྦྱོང་། ཉི་ནུས་གློག་ཁང་རྣམ་གྲངས་སོགས་ཀྱི་ཐད་མཉམ་ལས་བྱས་ནས་ཕ་ལེ་སི་ཐན་གྱི་རང་བརྟེན་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་རྒྱུར་རོགས་རམ་བྱེད་འདོད་ཡོད། ཕྱོགས་གཉིས་པོས་རིག་གནས་དང་། སློབ་གསོ། ཚན་ཞིབ། ཏང་དབར། ས་གནས། དམངས་ཁྲོད། གཞོན་ནུ་སོགས་ཀྱི་ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་སྤེལ་རེས་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
          གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱི་འབྲེལ་དང་། དཔལ་འབྱོར། མི་སྣ་གསོ་སྦྱོང་། རིག་གནས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་ཐུན་མོང་ཐོག་བདེན་དཔང་གནང་བ་རེད། ཨ་པ་སིས་ཞི་ཅིན་ཕིང་ལ“ཕ་ལེ་སི་ཐན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་མཐོ་ཤོས”གནང་ནས་ཕ་ལེ་སི་ཐན་གྱི་དྲང་བདེན་བྱ་གཞག་ལ་ཀྲུང་གོས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཞི་ཅིན་ཕིང་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། ཞི་ཅིན་ཕིང་གིས་ཐུགས་རྗེ་ཆེ་ཞུས་པ་དང་། དེ་ལས་ཕ་ལེ་སི་ཐན་གྱིས་ཀྲུང་གོ་དང་ཕ་ལེ་སི་ཐན་གྱི་འབྲེལ་བར་མཐོང་ཆེན་པོ་གནང་བ་མཚོན་པ་མ་ཟད། ཀྲུང་གོས་དུས་ཡུན་རིང་པོའི་ནང་ཕ་ལེ་སི་ཐན་གྱི་གནད་དོན་ཐད་དྲང་གཞག་གི་ལངས་ཕྱོགས་མཐའ་འཁྱོངས་བྱས་པར་བསྔགས་བརྗོད་དང་ཁས་ལེན་གནང་བ་ཞིག་རེད། ཀྲུང་གོས་ཀྲུང་གོ་དང་ཕ་ལེ་སི་ཐན་ཕྱོགས་གཉིས་པོའི་འབྲེལ་བ་དང་འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཞི་བའི་འཕེལ་རིམ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།