མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་དམག་དོན་ཚན་རིག་སློབ་གླིང་དང་། རྒྱལ་སྲུང་སློབ་ཆེན། རྒྱལ་སྲུང་ཚན་
རྩལ་སློབ་ཆེན་བཅས་ལ་དམག་དར་བསྩལ་ནས་བཀའ་སློབ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་21ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་དམག་དོན་ཚན་རིག་སློབ་གླིང་དང་། རྒྱལ་སྲུང་སློབ་ཆེན། རྒྱལ་སྲུང་ཚན་
རྩལ་སློབ་ཆེན་བཅས་ལ་དམག་དར་བསྩལ་ནས་བཀའ་སློབ་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་19ཉིན། དམག་དོན་སློབ་གླིང་དང་། རྒྱལ་སྲུང་སློབ་ཆེན། རྒྱལ་སྲུང་ཚན་རྩལ་སློབ་ཆེན་བཅས་གསར་དུ་ལེགས་སྒྲིག་བྱས་ནས་བཙུགས་པའི་ཚོགས་ཆེན་དང་དམག་དཔུང་སློབ་གླིང་དང་། ཚན་ཞིབ་སྒྲིག་གཞི། སྦྱོང་བརྡར་སྒྲིག་གཞི་བཅས་ཀྱི་འགོ་ཁྲིད་པ་གཙོ་བོའི་བཞུགས་མོལ་ཚོགས་འདུ་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དམག་དོན་ཚན་རིག་སློབ་གླིང་དང་། རྒྱལ་སྲུང་སློབ་ཆེན། རྒྱལ་སྲུང་ཚན་རྩལ་སློབ་ཆེན་བཅས་ལ་དམག་དར་བསྩལ་ནས་བཀའ་སློབ་གནང་བ་མ་ཟད། བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་འཁུར་ཏེ་དུས་བབ་གསར་པའི་འོག་ཏང་གིས་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་སྣེ་ཁྲིད་དུ་བྱེད་པ་དང་། དུས་བབ་གསར་པའི་འོག་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་ལག་བསྟར་བྱེད་པ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་རྒྱུ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་རྒྱུ། ཁྲིམས་བཞིན་དམག་དཔུང་བཅོས་སྐྱོང་བྱེད་རྒྱུ་བཅས་ལ་སྐུལ་འདེད་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་བའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། གཡུལ་སར་ཕྱོགས་རྒྱུ་དང་། དཔུང་སྡེར་ཕྱོགས་རྒྱུ། འབྱུང་འགྱུར་ལ་ཕྱོགས་རྒྱུ་བཅས་མཐའ་འཁྱོངས་བྱེད་པ། འཛམ་གླིང་ཐོག་རྩེར་སོན་གྱི་དམག་དོན་ཚན་ཞིབ་སྒྲིག་གཞི་དང་། ཕྱོགས་བསྡུས་རང་བཞིན་གྱི་མཉམ་འབྲེལ་བཀོད་འདོམས་སློབ་ཆེན། མཐོ་སློབ་སློབ་གསོའི་སློབ་གླིང་བཅས་འཛུགས་སྐྱོང་བྱེད་པ། དམག་དོན་ཤེས་ལྡན་པ་གསོ་སྦྱོང་དང་དམག་དོན་ཚན་ཞིབ་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་བཅས་ཀྱི་ཐོག་ནས་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
         སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཐོག་ཚོགས་ཆེན་འགོ་ཚུགས་པ་དང་ཚོགས་ར་ཡོངས་སུ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས། ཞི་ཅིན་ཕིང་གིས་དམག་དོན་ཚན་རིག་སློབ་གླིང་གི་ཡོའན་ཀྲང་དབྱང་ཞུའེ་ཅུན་དང་ཆབ་སྲིད་ཨུ་ཡོན་ཧྥང་ཞང་། རྒྱལ་སྲུང་སློབ་ཆེན་གྱི་སློབ་སྤྱི་ཀྲེན་ཧོ་དང་ཆབ་སྲིད་ཨུ་ཡོན་ཝུའུ་ཅེ་མིང་། རྒྱལ་སྲུང་ཚན་རྩལ་སློབ་ཆེན་གྱི་སློབ་སྤྱི་ཏེང་ཞའོ་ཀང་དང་ཆབ་སྲིད་ཨུ་ཡོན་ལིའུ་ཉན་ཀོང་བཅས་ལ་བབ་བརླིང་ལྡན་པའི་སྒོ་ནས་དམར་དར་བསྩལ་གནང་བ་དང་། ཁོང་ཚོས་ཞི་ཅིན་ཕིང་གི་ཕྱག་ནས་དམག་དར་བླངས་པ་དང་། ཚོགས་ར་ཡོངས་ཀྱི་དཔོན་དམག་ཚོས་དམག་དར་ལ་གུས་འདུད་ཞུས་པ་རེད།
         དམག་དར་བསྩལ་བའི་མཛད་སྒོ་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་གིས་བཀའ་སློབ་གནང་ཞིང་། ཁོང་གིས་དམག་དོན་ཚན་རིག་སློབ་གླིང་དང་། རྒྱལ་སྲུང་སློབ་ཆེན། རྒྱལ་སྲུང་ཚན་རྩལ་སློབ་ཆེན་བཅས་གསར་དུ་ལེགས་སྒྲིག་བྱས་ནས་བཙུགས་པ་ནི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་དང་དམག་དཔུང་སྟོབས་ཆེར་གཏོང་རྒྱུ་སྒྱུར་བཅོས་དང་།
         རང་རྒྱལ་དམག་དཔུང་གི་དམག་དོན་ཤེས་ལྡན་པའི་གསོ་སྦྱོང་མ་ལག་དང་དམག་དོན་ཚན་ཞིབ་ཀྱི་མ་ལག་དཔེ་གསར་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐབས་ཇུས་དང་བྱེད་ཐབས་ཤིག་ཡིན་པས། དེས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་རང་རྒྱལ་དམག་དཔུང་འཛམ་གླིང་གི་རྩེར་སོན་དམག་དཔུང་ཞིག་ཏུ་འཛུགས་སྐྱོང་བྱ་རྒྱུར་གལ་འགངས་ཆེ་ལ་གཏིང་ཟབ་པའི་ཤུགས་རྐྱེན་བཟང་པོ་ཐེབས་ངེས་རེད་ཅེས་མཛུབ་སྟོན་གནང་བ་རེད།
         ཧྥང་ཤང་དང་། ཝུའུ་ཅེ་མིང་། ལིའུ་ཉན་ཀོང་བཅས་ཀྱིས་དམག་དོན་ཚན་རིག་སློབ་གླིང་དང་། རྒྱལ་སྲུང་སློབ་ཆེན། རྒྱལ་སྲུང་ཚན་རྩལ་སློབ་ཆེན་བཅས་ཀྱི་ཚབ་ཞུས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་་བཀའ་སློབ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་ནས། ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
          ཚོགས་ཆེན་གྲོལ་རྗེས་ཞི་ཅིན་ཕིང་དམག་དཔུང་སློབ་གླིང་དང་། ཚན་ཞིབ་སྒྲིག་གཞི། སྦྱོང་བརྡར་སྒྲིག་གཞི་བཅས་ཀྱི་འགོ་ཁྲིད་པ་གཙོ་བོའི་བཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་རང་རྒྱལ་དམག་དཔུང་འཛམ་གླིང་གི་རྩེར་སོན་དམག་དཔུང་ཞིག་ཏུ་འཛུགས་སྐྱོང་བྱེད་པར་ངེས་པར་དུ་རྩེར་སོན་གྱི་དམག་དོན་ཤེས་ལྡན་པ་དང་། རྩེར་སོན་གྱི་དམག་དོན་རིག་གཞུང་། རྩེར་སོན་གྱི་དམག་དོན་ཚན་རྩལ་བཅས་ལྡན་པར་བྱེད་དགོས། ཚན་རྩལ་ནི་དེང་རབས་གཡུལ་འགྱེད་ཀྱི་སྲོག་ཤིང་གི་འཐབ་ནུས་ཤིག་རེད། ང་ཚོས་དམག་དོན་འགྲན་རྩོད་ཀྱི་རང་འགུལ་དབང་ཆ་ཐོབ་པ་བྱེད་པར་ངེས་པར་དུ་ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཐབ་ནུས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཚན་རྩལ་ཡར་ཐོན་དང་གསར་གཏོད་ལ་བརྟེན་ནས་རང་རྒྱལ་དམག་དཔུང་འཛུགས་སྐྱོང་བྱེད་སྟངས་དང་འཐབ་ནུས་གྲུབ་སྟངས་དེ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བགྲོད་ལམ་ཐོག་བསྐྱོད་དགོས། རང་རྒྱལ་དམག་དཔུང་གི་སློབ་གླིང་དང་། ཚན་ཞིབ་སྒྲིག་གཞི། སྦྱོང་བརྡར་སྒྲིག་གཞི་བཅས་ནི་ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བའི་རྐང་འཛིན་སྟོབས་ཤུགས་ཤིག་ཡིན་པས། གནས་བབ་གལ་ཆེ་ལ་འགན་འཁྲི་གཟི་བརྗིད་ལྡན་པ་ཞིག་རེད། དེར་བརྟེན་ངེས་པར་དུ་འགན་འཁྲི་ལྕི་པོ་འཁུར་ཕོད་པ་བྱས་ནས་མདུན་གྲལ་དུ་བསྐྱོད་དགོས་ཞེས་མཛུབ་སྟོན་གནང་བ་རེད།