མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་21ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས“ཀྲུང་གོའི་ལན་པར2025”ཡི་རྒྱལ་ཁབ་རིམ་པའི་དཔེ་སྟོན་ཁུལ་གཏོད་དེ་བཟོ་སྐྲུན་ལས་རིགས་མགྱོགས་མྱུར་ཕྱོགས་སྒྱུར་རིམ་སྤོར་བྱ་རྒྱུ་དང་། འོས་འགན་སློབ་གསོའི་སློབ་མ་སློབ་ཤོར་དང་སློབ་མཚམས་མི་ཆད་པ་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་གཏན་འཁེལ་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་འོས་འགན་སློབ་གསོ་སྲ་བརྟན་གྱི་དམིགས་ཚད་མངོན་འགྱུར་ཐུབ་པའི་འགན་ལེན་བྱ་རྒྱུ། སྐབས་འཕྲལ་རོགས་སྐྱོབ་ལམ་ལུགས་ལག་བསྟར་གཏིང་ཟབ་བྱས་ཏེ་དེ་བས་ནུས་ལྡན་གྱི་མྱུར་སྐྱོབ་དཀའ་སེལ་གྱི་བྱེད་ཐབས་ཐོག་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱ་རྒྱུ་བཅས་བཀོད་སྒྲིག་གནང་བ་རེད།
         འོས་འགན་སློབ་གསོའི་སློབ་མ་སློབ་ཤོར་དང་སློབ་མཚམས་ཆད་རྒྱུ་སྔར་བས་སྔོན་འགོག་ཚོད་འཛིན་བྱས་ཏེ་2020ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་ཡོང་ཚད་95%ལོན་པ་བྱ་རྒྱུའི་དམིགས་ཚད་མངོན་འགྱུར་བྱ་ཆེད། ཚོགས་འདུའི་ཐོག་སློབ་གསོའི་གཏོང་སྤྲོད་གྲུབ་ཆ་ལེགས་སུ་གཏོང་བ་དང་། འོས་འགན་སློབ་གསོའི་གཏོང་ཆ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་གྲོང་གསེབ་ཀྱི་སློབ་གསོ་དོ་སྙོམས་མེད་པའི་གནས་ཚུལ་ལ་མགྱོགས་མྱུར་འགྱུར་ལྡོག་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། རིགས་དབྱེའི་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་ཡུལ་བབ་དང་མིར་བརྟེན་ནས་བྱེད་ཐབས་ལག་ལེན་བསྟར་ཏེ“མི་ཐོན་པ་གསུམ་དང་དོན་འཁྱོལ་གཅིག”ཡོང་བ་བྱེད་དགོས་པ་སྟེ། གཅིག་ནས་དབུལ་བའི་རྐྱེན་གྱིས་སློབ་ཤོར་དང་སློབ་མཚམས་ཆད་པའི་གནས་ཚུལ་མི་ཐོན་པ་བྱེད་དགོས་ཤིང་། སློབ་གསོ་དབུལ་སྐྱོར་དང་རོགས་སྐྱོར་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་དབང་པོ་སྐྱོན་ཅན་སློབ་མ་དང་དབང་པོ་སྐྱོན་ཅན་གྱི་བུ་ཕྲུག་ལ་སྔོན་ལ་རོགས་སྐྱོར་བྱེད་དགོས་པ་དང་། གཉིས་ནས་སློབ་གྲྭར་སྐྱོད་པའི་ལམ་ཐག་རིང་བ་དང་སློབ་གྲྭར་སྐྱོད་དཀའ་བའི་རྐྱེན་གྱིས་སློབ་མཚམས་ཆད་པའི་གནས་ཚུལ་མི་ཐོན་པ་བྱེད་དགོས་ཤིང་། སློབ་གྲྭའི་བཀོད་པ་ལེགས་སུ་གཏོང་བ་དང་། ཕྱིར་འཐེན་དང་ཟླ་སྒྲིལ་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ། མི་ཉུང་ཞིང་ཐག་རིང་བ་དང་འགྲིམ་འགྲུལ་སྟབས་བདེ་མེད་པའི་ས་ཆར་སློབ་ཁྲིད་ས་ཚིགས་སོར་འཇོག་འོས་འཚམ་བྱེད་པའམ་ཡང་ན་བཀོད་སྒྲིག་བྱེད་དགོས་པ། ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་ནས་གྲོང་གསེབ་ལ་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་སྔར་བས་མང་བ་ཐོབ་པ་བྱེད་དགོས་པ། གསུམ་ནས་སློབ་སྦྱོང་བྱེད་དཀའ་བ་དང་སྦྱོང་མི་འདོད་པའི་རྐྱེན་གྱིས་སློབ་མཚམས་ཆད་པའི་གནས་ཚུལ་མི་ཐོན་པ་བྱེད་དགོས་ཤིང་། གྲོང་གསེབ་ཀྱི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་བ་དང་། སློབ་སྦྱོང་ལ་དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དམའ་རིམ་སློབ་འབྲིང་ནང་བཀོད་སྒྲིག་བྱས་པའི་ལས་རིགས་ལག་རྩལ་སློབ་ཚན་སོགས་ཚུད་པའི་སློབ་ཁྲིད་ནང་དོན་དང་བྱེད་ཐབས་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ་སློབ་གྲྭར་སྐྱོད་མཁན་སློབ་མའི་ཡིད་དབང་འཕྲོག་ཤུགས་ཆེ་རུ་གཏོང་དགོས་པ། བཞི་ནས་སྲིད་གཞུང་དང་དེ་བཞིན་སྤྱི་ཚོགས་ཕྱོགས་ཁག་གིས་སློབ་མཚམས་མི་ཆད་པ་དང་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་དགོས་ཤིང་། ཕ་མའམ་ཡང་ན་ལྟ་སྐྱོང་པས་ལུགས་མཐུན་རྒྱུ་མཚན་མེད་པར་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་བསྐྱལ་མེད་རིགས་ལ་སྲིད་གཞུང་གིས་ཁོང་ཚོར་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་དགོས་པ་དང་། སློབ་གྲྭས་སློབ་མཚམས་ཆད་པའི་སློབ་མར་བསྐྱར་དུ་སློབ་གྲྭར་ཡོང་དགོས་པའི་ཁ་ཏ་བསླབ་བྱ་བྱེད་དགོས་པ་བཅས་རེད།