མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།བློ་མཐུན་ཧོང་ཏ་ཉན་ལ"རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན"གྱི་མཚན་སྙན་རྗེས་
སྤྲོད་བྱེད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་25ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་5ཚེས་24ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅི་ལིན་སློབ་ཆེན་སའི་གོ་ལའི་འཚོལ་ཞིབ་ཐིག་ལེན་ཚན་རིག་དང་ལག་རྩལ་སློབ་གླིང་གི་དེ་སྔའི་དགེ་རྒན་ཆེ་མོ་བ་བློ་མཐུན་ཧོང་ཏ་ཉན་གྱི་སྔོན་ཐོན་མཛད་རྗེས་ཐད་མཛུབ་སྟོན་གལ་ཆེན་གནང་སྐབས། བློ་མཐུན་ཧོང་ཏ་ཉན་གྱིས་ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བའི་ཕུགས་བསམ་བློ་ལ་བཅངས་ཏེ་མེས་རྒྱལ་སྟོབས་འབྱོར་དང་། མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་བཅས་ལ་ལེགས་སྐྱེས་འབུལ་རྒྱུ་ཚེ་གང་གི་དོན་གཉེར་ཞིག་ལ་བརྩིས་ཏེ་རང་རྒྱལ་གྱི་སློབ་གསོ་དང་ཚན་ཞིབ་བྱ་གཞག་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་པས་ཁོང་གི་སྔོན་ཐོན་མཛད་རྗེས་མི་རྣམས་སེམས་འགུལ་ཐེབས་པ་ཞིག་ཡོད། ང་ཚོས་བློ་མཐུན་ཧོང་ཏ་ཉན་མིག་དཔེར་བཟུང་ནས་ཕུགས་བསམ་ཆེན་པོ་བློ་ལ་འཆང་བ་དང་ལྷག་བསམ་རྣམ་དག་གིས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བའི་ཁོང་གི་རྒྱལ་གཅེས་བརྩེ་སེམས་ལ་སློབ་སྦྱོང་དང་། དཔེ་ཁྲིད་མི་སྐྱོང་དང་གཞན་གྱི་སྔོན་དུ་སྐྱོད་ཕོད་པའི་ཁོང་གི་ལས་བཀུར་སྙིང་སྟོབས་ལ་སློབ་སྦྱོང་། ཁེ་གྲགས་སྤོང་བ་དང་ལེགས་སྐྱེས་འབུལ་འདོད་པ་ཁོང་གི་བླ་ན་མེད་པའི་བསམ་ཚུལ་ལ་སློབ་སྦྱོང་བཅས་བྱས་ནས་རྒྱལ་གཅེས་བརྩེ་སེམས་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བསམ་བློ་མེས་རྒྱལ་གྱི་སྒྱུར་བཅོས་འཕེལ་རྒྱས་ཀྱི་རླབས་ཆེན་བྱ་གཞག་ཁྲོད་དང་མི་དམངས་ཀྱིས་ལོ་རྒྱུས་གཏོད་པའི་རླབས་ཆེན་གྱི་འབད་འཐབ་ཁྲོད་མཉམ་འདྲེས་བྱས་ཏེ་རང་ཉིད་དང་རང་འཁྲིའི་ལས་གནས་ནས་འགོ་བརྩམས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་སློབ་སྦྱོང་ལག་བསྟར་བྱས་ནས་སྔོན་ཐོན་ལ་གཟེངས་བསྟོད་དང་དྲང་ནུས་དར་སྤེལ་བཏང་སྟེ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་ཕུགས་བསམ་བློ་ལ་འཆང་བ་དང་། དད་སེམས་བརྟན་དུ་གཏོང་བ། གསར་འབྱེད་ཡར་བརྩོན་བྱེད་པ། ལས་བཀུར་ལེགས་སྐྱེས་འབུལ་བ་བཅས་བྱེད་པར་ཁྲིད་སྟོན་བྱས་ནས་སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བྱ་གཞག་ཁག་ལ་སྔོན་ཐོན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་ཆེད་ཏང་ཀྲུང་དབྱང་གིས་བློ་མཐུན་ཧོང་ཏ་ཉན་ལ“རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་རྗེས་སྤྲོད་བྱེད་རྒྱུའི་གཏན་འབེབས་གནང་བ་རེད།
         ཏང་ཀྲུང་དབྱང་གིས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་བློ་མཐུན་ཧོང་ཏ་ཉན་ལ་སློབ་སྦྱོང་བྱེད་དགོས། བློ་མཐུན་ཧོང་ཏ་ཉན་དང་འདྲ་བར་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་ཏང་ལ་ལྷག་བསམ་རྣམ་དག་དང་མེས་རྒྱལ་ལ་བརྩེ་སེམས་ཟབ་མོ་བཅངས་ཏེ་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་འབད་འཐབ་ལྷོད་མེད་བྱེད་པ་ཚེ་གང་གི་དོན་གཉེར་ཞིག་ཏུ་བརྩི་དགོས། བློ་མཐུན་ཧོང་ཏ་ཉན་དང་འདྲ་བར་སྙིང་རུས་ཆེན་པོས་སློབ་སྦྱོང་དང་བརྩོན་ཞིབ་བྱས་ནས་འགན་འཁྲི་བློ་ལ་འཆང་བ་དང་ལས་འགན་ལྕི་པོ་ཕྲག་ཏུ་ཁུར་ཏེ་ཤེས་བྱ་དང་འཇོན་ཐང་ལ་བརྟེན་ནས་མེས་རྒྱལ་གྱི་དྲིན་ལན་འཇལ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་དགོས། བློ་མཐུན་ཧོང་ཏ་ཉན་དང་འདྲ་བར་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་གསར་གཏོད་བྱེད་ཕོད་པ་དང་འགག་སྒྲོལ་དཀའ་སེལ་གྱིས་བྱས་རྗེས་རྩེ་གྲ་ཧུར་ཐག་གཏོད་དགོས། བློ་མཐུན་ཧོང་ཏ་ཉན་དང་འདྲ་བར་བླ་ན་མེད་པའི་སྤྱོད་ཚུལ་བློ་ལ་བཅངས་ནས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་ཁེ་གྲགས་དོན་གཉེར་མི་བྱེད་པར་གུང་ཁྲན་ཏང་མིའི་རིན་ཐང་ལྟ་བ་རང་རྟོགས་ངང་ལག་ལེན་བསྟར་ཏེ་དཔེ་བཟང་བྱ་སྤྱོད་ལ་བརྟེན་ནས་གུང་ཁྲན་ཏང་ཡོན་གྱི་མི་གཤིས་ཀྱི་སྟོབས་ཤུགས་མངོན་པར་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།
          རིམ་ཁག་ཏང་རྩ་འཛུགས་ཀྱིས་བློ་མཐུན་ཧོང་ཏ་ཉན་གྱི་སྔོན་ཐོན་མཛད་རྗེས་ལ་སློབ་སྦྱོང་བྱེད་པ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ནས་ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་སློབ་སྦྱོང་དང་གསུང་བཤད་རབ་དང་རིམ་པ་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་དང་། སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལེགས་པར་བསྒྲུབ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་བྱ་ཐབས་སྣ་ཚོགས་སྤྱད་ནས་སློབ་སྦྱོང་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་དགོས། ཏང་ཡོན་དང་ལས་བྱེད་པས་སྔོན་ཐོན་དཔེ་བཟང་མིག་དཔེར་འཛིན་རྒྱུར་ཁྲིད་སྟོན་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “ནན་གསུམ་དྲང་གསུམ”གྱི་བླང་བྱ་རང་རྟོགས་ངང་ལག་ལེན་བསྟར་བ། “ཚད་ལོན་བཞི”ཧུར་ཐག་ཐུབ་པ་བཅས་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ལས་གནས་ལ་གཞི་ཚུགས་ཏེ་འགན་འཁྲི་གཙང་སྒྲུབ་དང་འབད་འབུངས་ཧུར་ལེན་གྱིས་བྱས་རྗེས་གསར་པ་སླར་ཡང་གཏོད་པ། རྒྱལ་གཅེས་ཀྱི་བརྩེ་སེམས་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བསམ་བློ་མེས་རྒྱལ་གྱི་སྒྱུར་བཅོས་འཕེལ་རྒྱས་ཀྱི་རླབས་ཆེན་བྱ་གཞག་དང་མཉམ་འདྲེས་ཐུབ་པ་དང་མི་དམངས་ཀྱིས་ལོ་རྒྱུས་གཏོད་པའི་རླབས་ཆེན་གྱི་འབད་འཐབ་དང་མཉམ་འདྲེས་ཐུབ་པ་བཅས་བྱས་ཏེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བཏང་ཐོག“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་འབོད་སྐུལ་གནང་བ་རེད།