མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས"བརྒྱད་གཅིག་གི་བྱས་རྗེས་གཟེངས་རྟགས"ཐོབ་མཁན་ལ་བྱས་རྗེས་གཟེངས་
རྟགས་དང་ལག་ཁྱེར་གནང་བ་དང་གཟི་བརྗིད་མཚན་སྙན་ཐོབ་པའི་ཚན་
པར་གཟེངས་བསྟོད་དར་ཆ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་30ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

             མི་དམངས་དྲ་བའི་འཕྲིན། དུས་རབས་ཀྱི་མིག་དཔེའི་འོད་སྟོང་དམག་དཔུང་སྟོབས་ཆེན་འཛུགས་སྐྱོང་གི་རྒྱང་སྐྱོད་ལམ་བུར་འཕྲོས། བླ་ན་མེད་པའི་གཟི་བརྗིད་མཚན་སྙན་ལས་ཕུལ་དུ་བྱུང་བའི་མཛད་རྗེས་རབ་ཏུ་མངོན། ཟླ་7ཚེས་28ཉིན་ཀྲུང་དབྱང་དམག་ཨུད་ཀྱིས“བརྒྱད་གཅིག་གི་བྱས་རྗེས་གཟེངས་རྟགས”དང་གཟི་བརྗིད་མཚན་སྙན་གནང་བའི་མཛད་སྒོ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས“བརྒྱད་གཅིག་གི་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ལ་བྱས་རྗེས་གཟེངས་རྟགས་དང་ལག་ཁྱེར་གནང་བ་དང་གཟི་བརྗིད་མཚན་སྙན་ཐོབ་པའི་ཚན་པར་གཟེངས་བསྟོད་དར་ཆ་གནང་བ་རེད།
          བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་གྱི་མཛད་སྒོ་འཚོགས་ཡུལ་དུ་དཔོན་དམག་གི་འཐུས་མི་ཚོས་གྲལ་འགྲིག་པོས་རུ་སྟར་བསྒྲིགས་ཤིང་། མཛད་སྒོ་འཚོགས་ཡུལ་གྱི་རྣམ་པ་བརྗིད་ཉམས་ལྡན་ལ་འཁྲུག་ཆ་དོད། སྔ་དྲོའི་ཆུ་ཚོད་བཅུ་པར་གུས་དམག་བཅོ་བརྒྱད་ཀྱིས་གོམ་སྟབས་འགྲིག་པོས་མཛད་སྒོ་འཚོགས་ཡུལ་དུ་ཡོང་རྗེས་མེ་མདའ་ལག་ཏུ་བཟུང་ནས་གཡས་གཡོན་གཉིས་སུ་ཀྲོང་ངེར་ལངས་ནས་བསྡད། དེ་ནས་བྱས་རྗེས་གཟེངས་རྟགས་དང་གཟི་བརྗིད་མཚན་སྙན་གནང་བའི་མཛད་སྒོ་འགོ་ཚུགས་པ་དང་ཚོགས་རའི་མི་སྣ་ཡོངས་ཀྱིས་མཉམ་དུ་རྒྱལ་གླུ་སྐད་གསང་མཐོན་པོས་བླངས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཧྥན་ཁྲང་ལུང་གིས“བརྒྱད་གཅིག་གི་བྱས་རྗེས་གཟེངས་རྟགས”དང་གཟི་བརྗིད་མཚན་སྙན་གནང་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གིས་མཚན་རྟགས་བཀོད་གནང་བའི་ཀྲུང་དབྱང་དམག་ཨུད་ཀྱི་བཀའ་རྒྱ་སྒྲོག་སྦྱངས་གནང་བ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེའང་གིས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
          མའེ་ཤན་ཏེ་དང་། མཱ་ཝུའེ་མིང་། ལི་ཀྲུང་ཧྭ། ཝང་ཀྲུང་ཤིན། ཅིང་ཧའེ་ཕེང་། ཁྲེང་ཁའེ་ཅ། ཝུའེ་ཁྲང་ཅིན། ཝང་ཀང་། ལེང་ཕེང་ཕེ། དབྱིན་ཁྲུན་རུང་སོགས“བརྒྱད་གཅིག་གི་བྱས་རྗེས་གཟེངས་རྟགས”ཐོབ་པའི་བློ་མཐུན་གྱིས་རིམ་པ་བཞིན་མདུན་དུ་འོང་། ཞི་ཅིན་ཕིང་གིས་ཁོང་ཚོར་བྱས་རྗེས་གཟེངས་རྟགས་འདོགས་པ་དང་ལག་ཁྱེར་གནང་བ་མ་ཟད། ད་དུང་ཁོང་ཚོར་བྱམས་བརྩེའི་ངང་ཕྱག་བཏང་བ་དང་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
          དེ་རྗེས་ཞི་ཅིན་ཕིང་གིས“ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལག་ལེན་གྱི་དཔེ་བཟང་ལེན”ཞེས་པའི་གཟི་བརྗིད་མཚན་སྙན་ཐོབ་པའི་སྐམ་དམག་དཔུང་སྡེ་ཞིག་གི་ལྕགས་ཁྲབ་རྐང་དམག་ལེན་གསུམ་པར་གཟེངས་བསྟོད་དར་ཆ་གནང་བ་རེད། བྱས་རྗེས་གཟེངས་རྟགས་དང་གཟི་བརྗིད་མཚན་སྙན་གནང་བའི་མཛད་སྒོ་སྐད་གསང་མཐོན་པའི་དམག་གླུའི་རོལ་ཆའི་ཁྲོད་དུ་མཇུག་འགྲིལ་ཞིང་། ཞི་ཅིན་ཕིང་གིས“བརྒྱད་གཅིག་གི་བྱས་རྗེས་གཟེངས་རྟགས”ཐོབ་པའི་བློ་མཐུན་ཚོ་དང་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
          ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཁྲང་དབན་ཉན་དང་། ཧྥང་ཕུང་ཧུའེ། ཀྲང་དབྱང་། ཀྲའོ་ཁེ་ཧྲེ། ཀྲང་ཡིའུ་ཞ། ཝུའུ་ཧྲེང་ལི། མཱ་ཞའོ་ཐེན། ཝུའེ་ཧྥུང་ཧོ། དེ་བཞིན་འཐབ་ཁུལ་ཁག་དང་། དམག་རིགས་ཁག དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག དམག་དོན་ཚན་རིག་ཁང་། རྒྱལ་སྲུང་སློབ་ཆེན། རྒྱལ་སྲུང་ཚན་རྩལ་སློབ་ཆེན། དྲག་ཆས་ཉེན་རྟོག་དཔུང་སྡེའི་འགོ་ཁྲིད་སོགས་མཛད་སྒོར་ཞུགས་པ་རེད།
         གསར་དུ་གཏན་འཁེལ་བྱས་པའི“བརྒྱད་གཅིག་གི་བྱས་རྗེས་གཟེངས་རྟགས”ནི་ཀྲུང་དབྱང་དམག་ཨུད་ཀྱིས་གཏན་འབེབས་གནང་བ་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིས་ལག་ཁྱེར་ཐོག་མཚན་རྟགས་བཀོད་པ་དང་འབྲེལ་གནང་བའི་དམག་དཔུང་གི་གཟི་བརྗིད་མཚན་སྙན་ཆེ་ཤོས་ཤིག་རེད། “བརྒྱད་གཅིག་གི་བྱས་རྗེས་གཟེངས་རྟགས”དང་། “སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས” “བདུན་གཅིག་གི་བྱས་རྗེས་གཟེངས་རྟགས” “མཛའ་གྲོགས་ཀྱི་བྱས་རྗེས་གཟེངས་རྟགས”བཅས་ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་གཟི་བརྗིད་མཚན་སྙན་གྱི་གཟེངས་བསྟོད་ལམ་ལུགས་མ་ལག་གི་རིམ་པ་མཐོ་ཤོས་སུ་གནས་ཡོད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བའི་དུས་སུ་ཀྲུང་དབྱང་དམག་ཨུད་ཀྱིས“བརྒྱད་གཅིག་གི་བྱས་རྗེས་གཟེངས་རྟགས”ཐེངས་དང་པོ་གནང་བ་དེ་ཐོག་ནས་དཔའ་བོ་དཔེ་བཟང་དང་དཔེ་མཚོན་ལ་བླ་ན་མེད་པའི་གུས་འདུད་ཞུ་ལུགས་དང་གཟེངས་བསྟོད་ཆེན་པོ་གནང་ལུགས་གང་ལེགས་མཚོན་གྱི་ཡོད། དེ་ལས་དམག་མིའི་དཔའ་ངར་ཞུམ་མེད་ཀྱི་སེམས་ཤུགས་ཇེ་ཆེར་སོང་ནས་དམག་ཡོངས་སུ་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་འབུལ་བའི་དྲང་ནུས་ཧ་ཅང་ཆེན་པོ་ཞིག་ཆགས་རྒྱུར་ལྕག་སྐུལ་ཐེབས་ངེས་རེད།