མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་མཐོ་རིམ་འཐུས་མིའི་ཚོགས་འདུ་
ཐེངས་བདུན་པའི་ཕྱི་ཕྱོགས་འཐུས་མི་ཚོགས་པའི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་30ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་28ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་འབོ་གསེར་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་མཐོ་རིམ་འཐུས་མིའི་ཚོགས་འདུ་ཐེངས་བདུན་པར་ཕེབས་པའི་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཚོགས་འདུའི་དྲུང་ཡིག་ཕ་ལུའུ་ཧྲེ་ཧྥུའུ་དང་། ལྷོ་ཨ་ཧྥེ་རེ་ཁའི་རྒྱལ་ཁབ་བདེ་འཇགས་པུའུ་ཀྲང་མཱ་ལུའོ་པོ། རྒྱ་གར་གྱི་རྒྱལ་ཁབ་བདེ་འཇགས་པུའི་བློ་འདྲི་བ་ཏུའོ་ཝའར། པར་ཙིར་གྱི་ཙུང་ཐུང་ལས་ཤག་སྒྲིག་གཞིའི་བདེ་འཇགས་གཞུང་དོན་ཁང་གི་ཀྲུའུ་རེན་ཨའེ་ཆེ་ཀོ་ཡན་བཅས་པ་དང་མཇལ་འཕྲད་གནང་བ་རེད།
           ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་མཐོ་རིམ་འཐུས་མིའི་ཚོགས་འདུ་ཐེངས་བདུན་པ་ཐུགས་གྲ་ལེགས་འགྲིག་བྱུང་བར་རྟེན་འབྲེལ་ཞུས་པ་དང་འབྲེལ་ཚོགས་འདུའི་ཐོག་བྱུང་བའི་ཐུན་མོང་ངོས་འཛིན་དང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞ་མོན་མཇལ་འཛོམས་ཆེད་བྱས་པའི་ཆབ་སྲིད་ཀྱི་གྲ་སྒྲིག་གལ་ཆེན་ལ་ཁས་ལེན་ཡང་གནང་བ་རེད། ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་དབར་མཉམ་ལས་བྱས་ནས་ལོ་10སོང་བ་དང་དེས་འཛམ་གླིང་ཐོག་གི་བར་ཐག་རིང་ཤོས་ཀྱི་ས་ཁམས་བར་ཐག་སྒྲོལ་བ་དང་། འཕེལ་རྒྱས་ཀྱི་འགྲོ་ལམ་དང་སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་ལས་བརྒལ་བ། རྒྱལ་ཁབ་ལྔ་ཡི་བརྟན་ལྷིང་དང་འཕེལ་རྒྱས་དོན་གཉེར་དང་དམངས་འཚོར་སྐུལ་འདེད་གཏོང་བའི་ཆོད་སེམས་དང་བྱ་སྤྱོད་གཅིག་ཏུ་སྒྲིལ་བ་བཅས་བྱས་ཡོད། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ་དེས་ང་ཚོ་རྒྱལ་ཁབ་ལྔ་པོའི་ཁེ་ཕན་སྲུང་སྐྱོང་དང་ཆེ་རུ་བཏང་ཡོད་ལ་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་དོན་སྙིང་ལྡན་པའི་འཚོལ་ཞིབ་ཀྱང་བྱས་ཡོད། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཆབ་སྲིད་དང་། དཔལ་འབྱོར། བདེ་འཇགས་བཅས་ཀྱི་དུས་བབ་ལ་ཕྱོགས་པ་དང་འབོ་གསེར་རྒྱལ་ཁབ་མི་དམངས་ཀྱི་སྤེལ་རེས་མཉམ་ལས་ཀྱི་རྒྱལ་ཁབ་ཀྱི་རེ་བར་བསམ་གཞིག་བྱས་ནས་དཔལ་འབྱོར་དང་དངུལ་རྩའི་མཉམ་ལས་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ཕན་ཚུན་དཔྱད་གཞིར་འཛིན་པ། བདེ་འཇགས་དང་། འབྲེལ་གཏུག མཐུན་སྦྱོར་བཅས་ཚང་མ་མདུན་ཕྱོགས་སུ་སྐུལ་འདེད་བཏང་ཚེ། འབོ་གསེར་རྒྱལ་ཁབ་ཀྱི་མདུན་སྐྱོད་འགྲོ་ལམ་གཞི་ནས་ཇེ་ཡངས་སུ་འགྲོ་བ་དང་གཞི་ནས་བརྟན་པོའི་ངང་མདུན་སྐྱོད་བྱེད་ཐུབ་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་འཛམ་གླིང་དཔལ་འབྱོར་རྒྱུན་མཐུད་ངང་འཕར་བའི་འགྲོ་ལམ་ཐོག་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། དཔལ་འབྱོར་གོ་ལ་ཅན་དེ་དྲང་གཞག་དང་། བསྟུན་མཁས། རྒྱུན་མཐུད་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ། འཕེལ་རྒྱས་གཏོང་བ་བརྒྱུད་འཇིགས་སྐུལ་རིང་ལུགས་སོགས་འཛམ་གླིང་རང་བཞིན་གྱི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱེད་དགོས་པ་བཅས་ཀྱི་འདོད་ཚུལ་འཛིན་གྱི་ཡོད། འབོ་གསེར་རྒྱལ་ཁབ་ནི་ཐུན་མོང་གི་ཁེ་ཕན་དང་དམིགས་ཚད་ཆེད་མཉམ་དུ་གནས་ཡོད། ང་ཚོས་སྒོ་དབྱེ་དང་། བསྟུན་མཁས། མཉམ་ལས། གཉིས་ཕན་བཅས་ཀྱི་འབོ་གསེར་གྱི་སྙིང་སྟོབས་གཙོ་བོར་འཛིན་ནས་དེ་བས་དམ་ཟབ་ཀྱི་འབོ་གསེར་རོགས་ཟླའི་འབྲེལ་བ་བཙུགས་ཚེ། འབོ་གསེར་མཉམ་ལས་ཀྱི་ལོ་བཅུ་ཡག་ཤོས་ཨང་གཉིས་པ་དེ་བསུ་ཐུབ་ངེས་ཡིན་པའི་ནན་བཤད་གནང་བ་རེད།
          རྒྱལ་ཁབ་ཁག་གི་འཐུས་མི་ཚོགས་པའི་ཚོགས་གཙོས་རང་རང་སོ་སོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་ཞི་ཅིན་ཕིང་ལ་གནང་བའི་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་བརྒྱུད་ཞུ་བྱས་པ་དང་འབྲེལ་ཁོང་ཚོས་མིག་སྔའི་དུས་བབ་འོག་འབོ་གསེར་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཇིགས་སྐུལ་རིང་ལུགས་སོགས་ཀྱི་དཔལ་འབྱོར་དང་བདེ་འཇགས་ཁྱབ་ཁོངས་ཀྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་བཅག་ནས་འཛམ་གླིང་ལས་དོན་ཁྲོད་འབོ་གསེར་རྒྱལ་ཁབ་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་དགོས་ཞེས་བརྗོད་པ་རེད། འབོ་གསེར་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་གྱི་མཐོ་རིམ་འཐུས་མིའི་ཚོགས་འདུ་ཐེངས་བདུན་པ་ཐུགས་གྲ་ལེགས་འགྲིག་བྱུང་བར་རྒྱལ་ཁབ་ཁག་བློ་ཡིད་འཚིམ་པོ་བྱུང་ཡོད། ང་ཚོས་འབོ་གསེར་རྒྱལ་ཁབ་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཀྲུང་གོས་རྒྱལ་ཁབ་ལྔ་པོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་ཆེད་ཁྱབ་ཁོངས་མང་པོའི་ཐད་བཏོན་པའི་གྲོས་གཞིར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ་ཀྲུང་གོ་ཕྱོགས་ལ་གཞོགས་འདེགས་དམ་ཟབ་བྱས་ཏེ་འདི་ལོའི་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞ་མོན་གྱི་མཇལ་འཛོམས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུའི་འགན་ལེན་ཡང་བྱ་རྒྱུ་ཡིན་ཞེས་ནན་བཤད་བྱས་པ་རེད།