མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སྐབས་དྲུག་པའི་ཁུའུ་པུ་ཆི་རྒྱལ་སྤྱིའི་བྱེ་ཐང་གླེང་སྟེགས་ལ་རྟེན་འབྲེལ་
ཞུ་བའི་འཕྲིན་ཡིག་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་31ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་29ཉིན། སྐབས་དྲུག་པའི་ཁུའུ་པུ་ཆི་རྒྱལ་སྤྱིའི་བྱེ་ཐང་གླེང་སྟེགས་དེ་ནང་སོག་གི་ཨེར་ཏའོ་སི་གྲོང་ཁྱེར་ཁུའུ་པུ་ཆི་བྱེ་ཐང་དུ་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་གནང་བ་རེད།
         ཞི་ཅིན་ཕིང་གིས་བྱེ་ཐང་ཅན་ནི་གོ་ལ་ཧྲིལ་པོར་ཐུན་མོང་ཐོག་འཕྲད་པའི་འགྲན་སློང་དྲག་པོ་ཞིག་རེད། བྱེ་ཐང་ཅན་འགོག་བཅོས་བྱ་རྒྱུ་དེ་ནི་མིའི་རིགས་ཀྱིས་བྱས་རྗེས་དེང་འདིར་བཞག ཕན་འབྲས་བསྐལ་བརྒྱར་ཐོབ་པའི་རླབས་ཆེན་བྱ་གཞག་ཞིག་རེད། ཀྲུང་གོས་སྔ་ཕྱི་བར་གསུམ་དུ་བྱེ་ཐང་ཅན་འགོག་བཅོས་ལས་དོན་ལ་མཐོང་ཆེན་བྱེད་ཀྱི་ཡོད་ལ་གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཐོབ་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྣོད་བཅུད་ཁོར་ཡུག་བཅོས་སྐྱོང་བྱ་ཆེད་ཀྲུང་གོའི་ཉམས་མྱོང་མཁོ་འདོན་བྱས་ཡོད། ཁུའུ་པུ་ཆིའི་བྱེ་བཅོས་ནི་དེའི་ཁྲོད་ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་ཞིག་རེད་ཅེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཁུའུ་པུ་ཆིའི་གླེང་སྟེགས་བཙུགས་ནས་ལོ་བཅུ་སོང་རིང་། རྒྱལ་ཁབ་ཁག་གིས་བྱེ་འགོག་བྱེ་བཅོས་ཀྱི་ཉམས་མྱོང་སྤེལ་རེས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། སྐབས་འདིའི་གླེང་སྟེགས་ཀྱིས“ལྗང་མདོག་རྒྱུད་གཅིག་ལམ་གཅིག བྱེ་ཐང་དཔལ་འབྱོར་མཉམ་སྤྱོད”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་གྱི་བྱེ་འགོག་བྱེ་བཅོས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ལས་དོན་འཚོལ་ཞིབ་བྱ་རྒྱུར་དོན་སྙིང་ཆེན་པོ་ལྡན་ཡོད། འཐུས་མི་ཚོས་བློ་བསྡུས་དགེ་འཚོལ་བྱས་ནས་ལྗང་མདོག་གི“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུ་དང་གོ་ལ་ཧྲིལ་པོའི་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་རྒྱུར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།