མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས"རྒྱལ་སྤྱིའི་དམག་དོན་འགྲན་བསྡུར—2017"འགོ་ཚུགས་པར་
བརྙན་ལམ་ཐོག་ནས་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་31ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་29ཉིན“རྒྱལ་སྤྱིའི་དམག་དོན་འགྲན་བསྡུར—2017”གྱི་སྤྱིའི་འགོ་ཚུགས་མཛད་སྒོ་མོ་སི་ཁོར་གཉེར་བ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ཐོག་ནས་རྟེན་འབྲེལ་ཞུས་པ་རེད།
         ཞི་ཅིན་ཕིང་གིས་ད་ཐེངས“རྒྱལ་སྤྱིའི་དམག་དོན་འགྲན་བསྡུར—2017”འགོ་ཚུགས་པའི་སྐབས་སུ་ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་འགྲན་བསྡུར་གཉེར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་དང་ཆབས་ཅིག་རྒྱལ་ཁབ་ཁག་གི་འགྲན་ཞུགས་རུ་ཁག་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་2014ལོ་ནས་བཟུང་། རྒྱལ་སྤྱིའི་དམག་དོན་འགྲན་བསྡུར་སྐབས་གསུམ་ལེགས་གྲུབ་ལྡན་པའི་ངང་གཉེར་ནས་ས་ཆ་དེ་གའི་དམག་དོན་སྤེལ་རེས་མཉམ་ལས་ཀྱི་སྤུས་རྟགས་གལ་ཆེན་ཞིག་དང་རྒྱལ་ཁབ་ཁག་གི་དམག་དཔུང་གི་མཛའ་གྲོགས་ཟབ་ཏུ་དང་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། འདི་ལོ་ཀྲུང་གོའི་དམག་དཔུང་གིས་འགྲན་བསྡུར་ནང་ཐེངས་བཞི་བསྟུད་མར་ཞུགས་པ་དང་འབྲེལ་འགྲན་བསྡུར་གྱི་རྣམ་གྲངས་ཁ་ཤས་སྒྲུབ་གཉེར་བྱེད་ཐེངས་དང་པོ་ཡང་ཡིན། ཀྲུང་གོའི་དམག་དཔུང་གིས་རྒྱལ་ཁབ་ཁག་གི་དམག་དཔུང་དང་མཉམ་དུ་འགྲན་རའི་ཐོག་ནུས་རྩལ་ངོམས་ནས་མཉམ་དུ་ཡར་རྒྱས་འགྲོ་བ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་དམག་དོན་མཉམ་ལས་བྱེད་རྒྱུ་དེ་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ལ་ཤུགས་སྣོན་དང་། འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་ངོས་ནས་བརྗོད་ཚེ་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོའི་དམག་དཔུང་གིས་འབྲེལ་ཡོད་རྒྱལ་ཁབ་ཀྱི་དམག་དཔུང་དང་མཉམ་དུ་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་དམག་དོན་མཉམ་ལས་ཀྱི་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་བྱས་ཏེ་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
        མཇུག་ཏུ་ཞི་ཅིན་ཕིང་གིས་འགྲན་བསྡུར་ཐུགས་གྲ་ལེགས་འགྲིག་ཡོང་བ་དང་། རྒྱལ་ཁབ་ཁག་གི་འཐུས་མི་རུ་ཁག་ལ་ཕུལ་བྱུང་གྲུབ་འབྲས་ཐོབ་ནས་མཛའ་གྲོགས་འབྲེལ་བ་ཟབ་མོ་འཛུགས་རྒྱུའི་སྨོན་འདུན་ཞུས་པ་རེད།
         འགོ་ཚུགས་མཛད་སྒོའི་ཐོག་ད་དུང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་སོགས་སྐབས་འདིའི་འགྲན་བསྡུར་གཉེར་མཁན་རྒྱལ་ཁབ་ཀྱི་གཙོ་བདག་གི་རྟེན་འབྲེལ་ཞུ་བའི་བརྙན་ལམ་བསྟན་པ་རེད།
         རྒྱལ་སྤྱིའི་དམག་དོན་འགྲན་བསྡུར་ནི་ཨུ་རུ་སུའི་རྒྱལ་སྲུང་པུས་གཉེར་བའི་རྒྱལ་སྤྱིའི་རང་བཞིན་གྱི་དམག་དོན་འགྲན་བསྡུར་ཞིག་རེད། ཟླ་7ཚེས་29ཉིན་ནས་ཟླ་8ཚེས་12ཉིན་བར“རྒྱལ་སྤྱིའི་དམག་དོན་འགྲན་བསྡུར—2017”ཨུ་རུ་སུ་དང་། ཀྲུང་གོ ཨ་ཟེར་བྷེ་ཇན། བྷེ་ཨུ་རུ་སུ། ཧ་སག་སི་ཐན་བཅས་ཀྱི་ས་ཁོངས་སུ་གཉེར་རྒྱུ་ཡིན་པ་དང་ཁྱོན་འགྲན་བསྡུར་རྣམ་གྲངས་28བཀོད་སྒྲིག་བྱས་ཡོད་པ་རེད།