མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་
བའི་དམག་གཟིགས་མཛད་སྒོ་གཟབ་རྒྱས་གཉེར་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་01ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་
བའི་དམག་གཟིགས་མཛད་སྒོ་གཟབ་རྒྱས་གཉེར་བ།

         མི་དམངས་དྲ་བའི་འཕྲིན།  ཟླ་7ཚེས་30ཉིན་གྱི་སྔ་དྲོ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་དམག་གཟིགས་མཛད་སྒོ་ཀྲུའུ་རི་ཧོ་མཉམ་འབྲེལ་སྦྱོང་བརྡར་རྟེན་གཞིར་གཟབ་རྒྱས་ངང་གཉེར་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དཔུང་སྡེར་གཟིགས་ཞིབ་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
         དམག་གཟིགས་སྟེགས་བུའི་མདུན་གྱི“1927—2017ཞེས་པའི་ཡི་གེ་དེ་ཧ་ཅང་མངོན་གསལ་དོད་པོ་ཡོད། གཟིགས་འབུལ་དཔོན་དམག་ཆིག་ཁྲི་ཉིས་སྟོང་དང་གོ་མཚོན་ལེགས་པར་སྤྲས་པའི་གཟིགས་འབུལ་རླངས་འཁོར་600རུ་སྟར་སྒྲིག་ནས་ངར་ལྕགས་ལས་གྲུབ་པའི་ལྕགས་རི་རིང་པོ་འགྱིང་ངེར་གནས་པ་ལྟར་སྣང་། དམག་འཐབ་གནམ་གྲུ་100ལྷག་ཙམ་གནམ་ཐང་དྲུག་ཏུ་གྲ་སྒྲིག་ཨང་བསར་ངང་དཔུང་རུ་སྒྲིག་བཞིན་ཡོད། འདི་ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་དམག་བཙུགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་བརྗོད་དོན་གཙོ་བོར་བྱས་ནས་གཉེར་བའི་གཟབ་རྒྱས་ཀྱི་དམག་གཟིགས་མཛད་སྒོ་ཐོག་མ་ཞིག་དང་། ཐང་འཐབ་ཅན་དང་དངོས་འཐབ་ཅན་གྱི་གཡུལ་སར་དམག་མི་རྩིས་བཤེར་བྱེད་པ་ཞིག མི་དམངས་དམག་དཔུང་ལ་གཞི་གཅིག་རང་བཞིན་དང་གསར་བརྗེའི་རང་བཞིན་གྱི་འཕོ་འགྱུར་བྱུང་རྗེས་རྣམ་པ་གསར་པའི་ཐོག་ནས་མངོན་པ་ཞིག་རེད།
         ཆུ་ཚོད་དགུ་པ་ཏག་ཏག་ལ་དམག་གཟིགས་འགོ་ཚུགས་པ་དང་སྐར་ལྔའི་དར་དམར་དལ་བུར་སྒྲེང་བ་དང་ཚང་མས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས། ཞི་ཅིན་ཕིང་གཟིགས་ཞིབ་རླངས་འཁོར་ཐོག་བཞུགས་ནས་དམག་གཟིགས་ལམ་བུའི་ཐོག་བསྐྱོད། དམག་གཟིགས་སྤྱི་ཁྱབ་བཀོད་འདོམས་པ་དང་དབུས་རྒྱུད་འཐབ་ཁུལ་གྱི་སི་ལིང་ཡོན་ཧན་ཝུའེ་གོས་གཟིགས་འབུལ་དཔུང་སྡེ་གྲ་སྒྲིག་ཨང་བསར་བྱས་ཟིན་ཞེས་སྙན་སེང་ཞུས་རྗེས། ཞི་ཅིན་ཕིང་གིས་གཟིགས་ཞིབ་འགོ་འཛུགས་རྒྱུའི་བཀའ་ཕབ།
         དཔའ་ཉམས་ལྡན་པའི་དམག་གཟིགས་རོལ་དབྱངས་ཁྲོད་ཞི་ཅིན་ཕིང་རླངས་འཁོར་ཐོག་བཞུགས་ནས་དར་སྲུང་རུ་སྟར་གྲུ་བཞི་དང་། མི་སྣའི་རུ་སྟར་གྲུ་བཞི། གོ་མཚོན་སྒྲིག་ཆས་རུ་སྟར་གྲུ་བཞི་བཅས་ལ་གཟིགས་ཞིབ་གནང་བ་རེད། “བློ་མཐུན་ཚོ་སྐུ་ཁམས་བཟང་། བློ་མཐུན་ཚོ་སྐུ་ལས་ཁག་སོང”ཞེས་ཞི་ཅིན་ཕིང་གིས་གཟིགས་འབུལ་དཔུང་སྡེར་བྱམས་བརྩེའི་འཚམས་འདྲི་གནང་བ་རེད། “ཀྲུའུ་ཞི་མཆོག་སྐུ་ཁམས་བཟང་། མི་དམངས་ལ་ཞབས་འདེགས་ཞུ”ཞེས་དཔོན་དམག་ཚོས་སྐད་གསང་མཐོན་པོས་ལན་བཏབ་པའི་སྒྲ་མཁའ་དབྱིངས་སུ་གྲགས། ཞི་ཅིན་ཕིང་གཟིགས་ཞིབ་རླངས་འཁོར་ཐོག་བཞུགས་ནས་དམག་གཟིགས་སྟེགས་བུར་ཕྱིར་ལོག་གནང་སྐབས་གཟིགས་འབུལ་དཔོན་དམག་གིས“ཏང་གི་བཀོད་པར་ཉན་པ་དང་། རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་ལེགས་པ”ཞེས་པའི་འབོད་ཚིག་སྐད་གསང་མཐོན་པོས་ཡང་ཡང་བསྒྲགས།
         དམག་དར་ཏང་དར་རྗེས་སུ་འབྲངས། དམག་དར་གྱིས་རྒྱལ་དར་སྲུང་ནས་མདུན་དུ་བསྐྱོད། དར་སྲུང་རུ་སྟར་གྲུ་བཞི་དལ་བུར་ཡོང་ནས་དམག་གཟིགས་ཀྱི་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་གྱི་འགོ་བཙུགས། དམར་མདངས་བཀྲ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དར་བཅས་དཔོན་དམག་200ལྷག་ཙམ་གྱི་སྲུང་སྐྱོང་འོག་ལྷབ་ལྷུབ་ཏུ་གཡོ།
         ཐག་རིང་ནས་ལྡིར་སྒྲ་ཆེན་པོ་ཞིག་གྲགས་པ་དང་བསྟུན་ནས་ཐད་འཕུར་གནམ་གྲུ་41གིས“བརྒྱད་གཅིག”གི་མཚོན་རྟགས་དང་ཨང་ཀི“90”ཡི་དབྱིབས་གྲུབ་སྟེ་དམག་གཟིགས་སྟེགས་བུའི་ཐོག་ནས་འཕུར་སྐྱོད་བྱས་པ་དེས་མི་དམངས་དམག་དཔུང་གིས་བསྐྱོད་པའི་འོད་སྟོང་འཕྲོ་བའི་ལོ་90ཡི་ལོ་རྒྱུས་ལམ་བུ་མཚོན་ཡོད།

【1】  【2】