མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་
བའི་དམག་གཟིགས་མཛད་སྒོ་གཟབ་རྒྱས་གཉེར་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་01ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་
བའི་དམག་གཟིགས་མཛད་སྒོ་གཟབ་རྒྱས་གཉེར་བ།

         ལྕགས་ཁྲབ་འཁོར་ལོ་འུར་འུར་དུ་བསྐྱོད། དམག་འཐབ་གནམ་གྲུས་ནམ་འཕང་བཅད། ས་ངོས་ཀྱི་རུ་སྟར་གྲུ་བཞི་དང་མཁའ་ཐོག་གི་སྐས་དབྱིབས་རུ་ཁག་34ལས་སྐམ་སའི་དམག་འཐབ་ཚོགས་པ་དང་། ཆ་འཕྲིན་དམག་འཐབ་ཚོགས་པ། ཆེད་ལས་དམག་དཔུང་གི་དམག་འཐབ་ཚོགས་པ། མཁའ་ཟོན་དང་འཕུར་མདའ་འགོག་པའི་དམག་འཐབ་ཚོགས་པ། མཚོ་ཐོག་དམག་འཐབ་ཚོགས་པ། མཁའ་ཐོག་དམག་འཐབ་ཚོགས་པ། ཕྱོགས་བསྡུས་འགན་ལེན་ཚོགས་པ། འཇིགས་རྒོལ་བརྟན་ལྷིང་སྲུང་སྐྱོང་ཚོགས་པ། འཐབ་ཇུས་རྡུང་རྡེག་ཚོགས་པ་བཅས་དམག་འཐབ་ཚོགས་པ་9གྲུབ་སྟེ་དམག་འཐབ་ཚོགས་ཆུང་གི་གོ་རིམ་ལྟར་རེ་རེ་བཞིན་དམག་གཟིགས་སྟེགས་བུའི་མདུན་ནས་བསྐྱོད། ད་ཐེངས་ཀྱི་དམག་གཟིགས་མཛད་སྒོའི་ནང་གཟིགས་འབུལ་གོ་མཚོན་ཕྱེད་ཀ་ཙམ་གཟིགས་འབུལ་བྱེད་ཐེངས་དང་པོ་ཡིན་པ་དང་། རང་རྒྱལ་གྱི་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྱོང་གི་གྲུབ་འབྲས་གསར་པ་གཅིག་སྡུད་ཐོག་མངོན་ཡོད།
         ཆུ་ཚོད་10པ་ཙམ་ལ་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ལོ་90ཡི་གོང་ནན་ཁྲང་གྲོང་ཁྱེར་གྱི་སྒོ་རྩར་མེ་མདའི་སྒྲ་གྲགས་པ་དེ་ནས་ཀྲུང་གོར་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་མི་དམངས་ཀྱི་དམག་དཔུང་གསར་པ་ཞིག་བྱུང་བ་ཡོངས་བསྒྲགས་བྱས་ཡོད། ལོ་90ཡི་རིང་མི་དམངས་དམག་དཔུང་གིས་ཏང་གི་དར་ཆ་མཐོན་པོར་བསྒྲེང་བ་དང་། མེས་རྒྱལ་གྱི་ས་ཕྱོགས་གང་སར་བསྐྱོད་པ། མི་དམངས་ཀྱི་རེ་བ་ཕྲག་ཏུ་འཁུར་བ། ཁྲག་བཏོན་དམར་འཛིང་། ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ་དགྲ་བོ་མཐའ་དག་ལས་རྣམ་པར་རྒྱལ་བ་དང་དཀའ་ཚེགས་ཐམས་ཅད་ཁྱད་དུ་བསད་ནས་ཀྲུང་གོའི་མི་དམངས་ཡར་ལངས་ཐུབ་པ་དང་། ཕྱུག་པོ་ཆགས་ཐུབ་པ། སྟོབས་ཆེར་གྱུར་པ་བཅས་ཡོང་རྒྱུར་མཛད་རྗེས་རླབས་པོ་ཆེ་བཞག་ཡོད། རང་རེའི་མི་དམངས་དམག་དཔུང་ནི་ཏང་གི་བཀོད་པར་ཉན་མཁན་གྱི་ངོ་གནོང་མི་དགོས་པའི་དཔའ་བོའི་དམག་དཔུང་ཞིག་དང་། ལྷག་བསམ་རྣམ་དག་གིས་མེས་རྒྱལ་གྱི་དྲིན་ལན་འཇལ་མཁན་གྱི་ངོ་གནོང་མི་དགོས་པའི་དཔའ་བོའི་དམག་དཔུང་ཞིག ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཆེད་དཔའ་ངར་ཆེན་པོས་འབད་འཐབ་བྱེད་མཁན་གྱི་ངོ་གནོང་མི་དགོས་པའི་དཔའ་བོའི་དམག་དཔུང་ཞིག་བཅས་ཡིན་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཁམས་བདེ་དང་ཞི་བདེ་ནི་མི་དམངས་ཀྱི་བདེ་སྐྱིད་ཡིན། ཞི་བདེ་སྲུང་སྐྱོང་བྱེད་པ་ནི་མི་དམངས་དམག་དཔུང་གི་འགན་འཁྲི་ཡིན། གནམ་འོག་དེ་ཙམ་ཞི་བདེ་མིན་པས་ཞི་བདེར་སྲུང་སྐྱོང་བྱེད་མཁན་དགོས། དེ་རིང་ང་ཚོ་ལོ་རྒྱུས་ཀྱི་དུས་སྐབས་ཅི་འདྲ་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་ཚད་དང་སྔར་བས་ཐག་ཉེ་རུ་སོང་བ་དང་ལོ་རྒྱུས་ཀྱི་དུས་སྐབས་ཅི་འདྲ་ཞིག་ལས་ཀྱང་མི་དམངས་དམག་དཔུང་སྟོབས་ཆེན་ཞིག་འཛུགས་རྒྱུ་དེ་བས་དགོས་གལ་ཆེ། ང་ཚོས་ཏང་གི་དམག་དཔུང་སྟོབས་ཆེན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ཆེན་གྱི་ལམ་བུའི་ཐོག་བསྐྱོད་པ། དུས་བབ་གསར་པའི་འོག་ཏང་གི་དམག་དཔུང་སྟོབས་ཆེན་གྱི་དམིགས་ཚད་མངོན་འགྱུར་ཧུར་ཐག་བཅས་བྱས་ཏེ་ང་ཚོའི་དཔའ་བོ་ཡིན་པའི་མི་དམངས་དམག་དཔུང་དེ་འཛམ་གླིང་ཐོག་གི་དམག་དཔུང་ཡག་ཤོས་སུ་འཛུགས་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་དཔོན་དམག་ཚོར་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་བྱས་ཏེ་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་བ་དང་ཏང་གིས་གང་ལ་རྒོལ་རྒྱུའི་ཁ་ཕྱོགས་བསྟན་ཚེ་དེར་རྒོལ་དགོས་པ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཕྱོགས་སུ་ལངས་པ་དང་། དུས་རྟག་ཏུ་མི་དམངས་སེམས་ནང་འཇོག་པ། ནམ་ཡང་མི་དམངས་ཀྱི་བུ་ཕྲུག་དམག་བྱེད་དགོས། རྩ་བའི་ཚད་གཞི་འབའ་ཞིག་ཡིན་པའི་འཐབ་ནུས་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་བྱས་ཏེ་བསམ་བློ་དམག་གྲབས་དམག་རྒྱག་ཐད་འཇོག་པ་དང་སྐོང་ན་འཛོམས་ཐུབ་པ་དང་། འཛོམས་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ངེས་ཀྱི་དམག་ཧྲག་གོ་ཧྲག་གཏོད་དགོས་པ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་སྐྱོང་བ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྒྲིག་བཅས་བྱས་ཏེ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྱོང་གི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།
         ཞི་ཅིན་ཕིང་གིས་རང་རེའི་དཔའ་བོའི་དམག་དཔུང་ལ་ཚུར་རྒོལ་དགྲ་བོ་མཐའ་དག་ལས་རྣམ་པར་རྒྱལ་ཐུབ་པའི་ཡིད་ཆེས་དང་ནུས་པ་ཡོད་པ་དང་། རང་རེའི་དཔའ་བོའི་དམག་དཔུང་ལ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་ཐུབ་པའི་ཡིད་ཆེས་དང་ནུས་པ་ཡོད་པ། རང་རེའི་དཔའ་བོའི་དམག་དཔུང་ལ་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ཐད་ལེའུ་གསར་པ་རྩོམ་ཐུབ་པའི་ཡིད་ཆེས་དང་ནུས་པ་ཡོད་པས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པ་བཅས་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།

【1】  【2】